[A:༡༢༥]དཀར་པོའི་ཕྱོགས་ཀྱིས་བྱས་པའང་སྲིད། །འབྱུང་བཞི་དག་གིས་བསྐྱེད་པའང་ཡོད། །འཕགས་པ་གསུམ་གྱི་རིང་བསྲེལ་ནི། །ཡོན་ཏན་སྟོབས་ཀྱིས་འབྱུང་བ་སྟེ། །འབྱུང་ཁུངས་ནས་བྱུང་རིང་བསྲེལ་ཡིན། །དེ་ལ་གྲངས་ནི་བརྩི་རུ་མེད། །མི་འགྲིབ་འཕེལ་བའི་རིང་བསྲེལ་ཡིན། །ཞེས་བྱ་བ་ཡིན་པས། ང་ལ་རྟེན་བྱོན་ན་གྲངས་བརྩི་རུ་མེད་པ་ཅིག་འབྱོན་པ་ཡིན་པས་ཁྱོད་རང་ཚགས་གྱིས་ལ་དར་འདིས་དེའི་ན་བཟའ་གྱིས་གསུངས། ངས་ཀུ་རེ་བྱས་པ་ཡིན། མི་ལ་མ་ཟློ་སྡིག་པ་བསོག་པའི་རྒྱུ་ཡིན་གསུང༌། དེ་ནས་དགུང་ལོ་དྲུག་ཅུ་རྩ་ལྔ་བཞེས་པའི་དུས་སུ། མེ་ཕོ་རྟའི་ལོ་ཟླ་བ་བརྒྱད་པ་ལ་བྱང་ངོས་ལིང་ཆུར་གདན་ཕེབས། དེའི་དུས་སུ་རྒྱལ་བུ་གོ་དན། གུ་ཡུག་གན་རྒྱལ་སར་བཏོན་པ་ལ་ཧོར་ཡུལ་དུ་བཞུད་ནས། ཚུར་བྱོན་པ་དང་ལུག་ལོ་ཟླ་བ་གཅིག་པ་ལ་མཇལ། རྒྱལ་བུ་ཡང་ཤིན་ཏུ་མཉེས་ནས་ཆོས་དང་འཇིག་རྟེན་གྱི་གསུང་གླེང་མང་པོ་ཡང་མཛད་པར་གདའ། དེའི་གོང་ན་རྒྱལ་པོའི་དྲུང་དུ། བོད་ཀྱི་བནྡེ་ཡང་འགའ་རེ་འདུག་པ་ལ། སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་གྱི་ཁྱད་པར་གང་ཡང་བསྐྱེད་པར་མ་ནུས་ནས། སྨོན་ལམ་འདེབས་པ་ལ་དབང་བར་ཁས་ལེན་པ་འཚོགས་པའི་དུས་སུ། ཨེརྐ་འུན་དང༌། ཧོར་གྱི་ལྷ་པ་གྲལ་མགོར་འཇོག་པ་ཡོད་པར་འདུག །དེ་ནས་རྒྱལ་བུ་དང་བླ་མ་ཆོས་རྗེ་པ་ཆོས་ཀྱི་གསུང་གླེང་མང་པོ་མཛད་པ་ལ་མ་གོ་བའི་སྐབས་སུ། ཡུ་གུར་གྱི་དགེ་བའི་བཤེས་གཉེན་མཁས་པ་མང་པོས་ཀྱང་མཚམས་སྦྱོར་བྱས་ནས་ཆོས་ཀྱི་དོན་ཐམས་ཅད་ལེགས་པར་གོར་བཅུག་པས་རྒྱལ་བུ་ཡང་ཤིན་ཏུ་མཉེས་པར་བྱུང་ནས་དེ་རིང་ཕྱིན་ཆད་ཨེརྐ་འུན་དང༌། ལྷ་པ་ཚོ་བནྡེའི་གྲལ་མགོར་མ་སྡོད། ཐམས་ཅད་ཀྱི་གྲལ་མགོར་བླ་མ་ཆོས་རྗེ་པ་བཞུགས་ལ། སྨོན་ལམ་འདེབས་པའི་དུས་སུ་སྔོན་ལ་བནྡེའི་སྨོན་ལམ་ཐོབ་གསུངས་པའི་ལུང་བྱོན་ནས་ཧོར་གྱི་རྒྱལ་ཁམས་