R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༠༨
[A:༥༠༨]འབུལ་དགོས་བྱུང་བ་ཡིན་ནོ། །ཆོས་སློབ་ཚོགས་བཤད་པ་གཅེས་པའི་བུ། །རང་ཉམས་ལེན་འཕངས་པར་མཆིས་བཞིན་དུ། །མ་སྨྱོན་མོས་བུ་ངོ་མ་ཤེས་བཞིན། །ཁོང་མཁས་རྣམས་བཞད་གད་ཐག་གེ་བ། །ཡང་རང་ལོ་ང་བཞི་པ་ཤིང་མོ་བྱ་ལོ་རིན་སྤུངས་ནས་དཔོན་ཞང་མ་མཐུན་པར་བསམ་རྩེ་སྐུ་མདུན་གྱི་ཞལ་བདག་གནང་བའི་སྐབས་ཕྱོགས་ཀྱི་དབོན་རིགས་ལ་མཇལ་ཕྲད་ལ་ཕྱིན། བསམ་རྩེར་སྐུ་མདུན་དང་མཇལ་རིགས་ལུང་དོགས་གཅོད་སོགས་ཤིན་ཏུ་འཕེལ་བར་བྱུང༌། སྐུ་མདུན་ཞལ་ནས་ཆོས་ཐམས་ཅད་བདེན་པར་མ་གྲུབ་པའི་གནད་ཀྱིས་མཚན་ཉིད་པའི་རིགས་པ་འདི་གང་སྒྲུབ་སྒྲུབ་ཡིན་པ་འདུག་གསུང༌། འཇིག་རྟེན་རྒན་པོའི་གཏམ་ཤིན་ཏུ་ངོ་མཚར། དེ་ནས་རིན་སྤུངས་ལ་མཇལ་འདོད་ཡོད་པ་ལ་གཞན་རྣམས་ཟེར་དུས་སྐུ་མདུན་ལ་ཞུས་ན་མི་དགྱེས་པ་མཛད་ཟེར། རང་གི་གསང་ན་མི་ལེགས་བསམ་དངོས་བསྟན་ཞུས་པས་ཤིན་ཏུ་ཕེབས་པས་ཐུས། ཡང་པ་རྣམ་ན་སྡེ་པ་རྒྱལ་པོ་བཞུགས་པས་དེར་མཇལ་ཙམ་གནང་ན་ཡང་གོ་ཆོད་གསུང་ཤིན་ཏུ་དགྱེས་པ་མཛད། གནང་སྦྱིན་ཟུར་གསོས་ལམ་ཆས་གྱ་ནོམ་པ་གནང་ཡར་ལམ་ཡང་འདིར་བྱོན་ཅིག་གསུང༌། བྱ་བཟང་སོགས་ལ་ལམ་བདེ་མི་བདེ་ཇི་ལྟར་ཡོད་ཞུས་པས་དོག་སྟེ་དོག་པོ་ཡོད་ཀྱང་སྐྱོན་ཏེ་མི་སྐྱོན་ཕེབས་ཡིག་བྱས་པས་ཆོག་གསུངས་ནས་ལམ་ཡིག་གནང༌། ཐལ་ལེ་ཕྱིན་པས་ལམ་བདེ་མོ་བྱུང་རིན་སྦུངས་སུ་མཇལ་ཐུགས་དགྱེས་པར་བྱུང༌། ཕུགས་འདི་ཕྱོགས་ན་གནས་དབེན་པོ་ཡང་ཡོད་མཐུན་རྐྱེན་ཡང་འཛོམ་པོ་ཡོད་ཁོར་རེ་བཞུགས་པ་ཞིག་ཨེ་ཡོང་དེ་བདག་གིས་ལག་ཏུ་མི་ལོངས་ཞུས། ་ཕྱག་གཡོག་རྣམས་ན་རེ་གཞན་དྲག་ཞན་ཀུན་གྱིས་འགྲོ་འཚམ་