[A:༥༧༣]དང་འགྲེལ་པ་ལུགས་ཟུང་འབྲེལ་ཡིན་པས། འགྲེལ་པ་ལུགས་ཀྱི་དབང་ཡང་འབྲེལ་ཆགས་སྙམ་ནས་དབང་དེ་ཡང་བྱས། དེ་ནས་རང་རེ་ས་སྐྱ་པའི་ཕྱག་སྲོལ་སྔོན་འགྲོ་ཚུལ་བཞིན་དང༌། རྒྱུད་ཀྱི་དངོས་གཞི་གཉིས་ངེས་པར་དགོས་པས་ཐོག་མར་བཤད་བྱའི་རྒྱུད་བཤད་ཐབས་ཀྱི་མན་ངག་དེས་ཇི་ལྟར་འཆད་ཚུལ་གསུམ་ཚང་བ་ནི་རྒྱུད་སྡེ་སྤྱི་རྣམ་ཡིན་པས་དེའི་ཟིན་ཐུན་བཏང༌། དེ་རྗེས་རྒྱུད་ཀྱི་མངོན་པར་རྟོགས་པ་ལག་ཏུ་བླང་བའི་རིམ་པ་ནི་མངོན་རྟོགས་ལྗོན་ཤིང་ཡིན་པས་དེའི་ཟིན་ཐུན་བཏང༌། འདི་རྣམས་ཀྱི་ཟིན་ཐུན་གཏོང་བ་ལ་སྤྱིར་མདོ་སྔགས་ཟུང་འཇུག །ཁྱད་པར་དུ་གྲུབ་མཐའ་སྨྲ་བ་བཞིའི་རྣམ་བཞག་ལེགས་པར་ཕྱེད་པའི་རྣམ་དཔྱོད་དང་ལྡན་པ་ཞིག་མ་བྱུང་ན་མགྲིན་པ་ཐུང་བསྲིལ་འགྲོ་བས། གཞན་གྱིས་བརྩམས་ཆོས་ལ་ཀློག་སྒྲོགས་རེ་བ་ཙམ་ལས་མི་འབྱུང་བ་ཡིན་ནོ། །རྒྱུད་སྔོན་འགྲོའི་ཟིན་ཐུན་བྱེད་པ་ལ། །མདོ་སྔགས་ཀྱི་ཕ་རོལ་སོན་ནས་ཀྱང༌། །ཁོང་གྲུབ་མཐའི་རྣམ་དབྱེ་ཕྱེད་པ་དགོས། །དེ་མི་བྱེད་ཀློག་སྒྲོགས་མཆོད་གནས་ཙམ། །དེ་ནས་གསོལ་ཕུ་ནས་ཞབས་དྲུང་ཆེན་མོ་སྐུ་ཚེ་མ་བརྟན་པས་ཡོང་དགོས་གསུང་བང་ཆེན་བྱུང༌། རྗེ་བླ་མ་ཀུན་དགའ་མཆོག་ལྡན་ལ་བང་ཆེན་འདི་ལྟར་བྱུང༌། སྔོན་འགྲོ་དངོས་གཞིའི་མཚམས་ཤིག་འདུག་པས་ཡུད་ཙམ་ཕྱིན་ན་ཨེ་ཁྱབ་ཞུས་པས་རྒྱུད་ནི་ཤིན་ཏུ་གཉན། སྦྱིན་བདག་ནི་སྐུ་ཁག་ཤིན་ཏུ་ཆེ་ཇི་ལྟར་རིགས་དགོངས་པས་གཅོད་པ་ཞུ་གསུང༌། རང་ཟ་འདོད་ལྟོགས་བྲེལ་མ་ཡིན་ཡང༌། །ཁོང་སྦྱིན་བདག་སྙིང་ནས་དད་ལྡན་ཡིན། །ཆོས་སྔོན་འགྲོ་