[A:༥༧༤]དངོས་གཞིའི་བར་འདི་ལ། །ཅུང་འགལ་བ་མེད་སྙམ་ཤར་ལ་ཆས། །དེ་ནས་རོང་ཚོར་ཕྱིན། སྦྱིན་བདག་གཤེགས་བཞུགས་ཀྱི་དགོངས་པའི་རེ་བ་བསྐང༌། ཞག་བཅུ་ཙམ་ལ་མགྱོགས་སྐོར་བྱས། རྒྱུད་ཀྱི་དངོས་གཞི་བཙུགས། ཟླ་བ་གསུམ་ཙམ་སོང་དེ་བར་ལ་ཆོས་ཇ་ཚོགས་འཁོར་སོགས་ཤིན་ཏུ་མང་བ་བྱུང༌། རྒྱུད་སྔོན་འགྲོ་དངོས་གཞི་གཉིས་ལ་ཟིན་བྲིས་བྱེད་མཁན་ཡང་བདུན་ཙམ་བྱུང༌། ཁྱད་པར་རྩེ་ཞབས་དྲུང་དང་དགེ་སློང་བྱམས་ཆོས་པ་གཉིས་བསྒྲིགས་པའི་ཟིན་བྲིས་དང༌། ར་ནམ་མཁའ་རྣམ་རྒྱལ་གྱིས་བསྒྲིགས་པའི་ཟིན་བྲིས་གཉིས་རང་གིས་ཀྱང་འཕོ་ཐབས་བྱས་ཚིག་དོན་འབྱོར་པོ་བྱུང་བར་ངེས། རང་གིས་ཀྱང་འགྲེལ་པ་དག་ལྡན། རྣམ་བཤད་ཉི་འོད་འཕགས་མཆན་རྣམས་གདན་དུ་བཏིང༌། འགྲེལ་བ་ལུགས་དང༌། མན་ངག་ལུགས་གཉིས་སོ་སོར་དབྱེ། རང་གི་རྣམ་དཔྱོད་ཀྱི་ནུས་པ་གང་ཐོན་བྱས་པས་མི་འཇིགས་པའི་སྤོབས་པ་ཐོབ་པར་སེམས་སོ། །རྒྱུད་བརྟག་གཉིས་མཁའ་འགྲོའི་བཀའ་ཡིས་གདམས། །ཁོང་མཁས་རློམ་གཞན་གྱིས་སྒོ་མ་ཕྱེད། །རང་བླ་མ་མཁའ་འགྲོའི་བྱིན་རླབས་ཀྱིས། །གནད་བཀྲོལ་ནས་སྐལ་བཟང་རྣམས་ལ་སྦྱིན། །དེའི་དུས་ར་བྱམས་ཆོས་པ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་དཔལ་ལྡན་ས་སྐྱར་རྒྱུད་ཀྱི་གྲ་སྐོར་ལ་ཕྱིན་པར་སྐབས་སུ་རྒྱུད་ཀྱི་གྲ་སྐོར་གྱི་སྲོལ་འདི་ཆད་འདུག་པས་ས་སྐྱ་གོང་མ་བུ་སློབ་རྣམས་ཀྱང་ཤིན་ཏུ་དགྱེས་ཚོར་ཆེ་བ་མཛད། དྲུང་རམས་པས་རྒྱུད་ཟིན་ཐུན་གྱི་སྟེང་ནས་བཤད་པ་ཉི་མ་གསུམ་བྱས་པས་ཁོང་རྣམས་འདི་ལྟ་བུའི་བཤད་པ་ངོ་མཚར་ཆེ་བ་ཡི་