[A:༥༩༩]ཆང་ལ་སྲེད་པ་ཆེ་བར་འདུག་ནའང༌། རི་མོ་མ་གྲུབ་བར་ཆང་བཅད། དེ་བར་གྱི་སྐོལ་ཇ་སོགས་ཀྱང་བཞག གྲང་མོ་ཆེར་འབྲིར་བཅུག་པས་རོ་ཚོའི་བར་ལ་ཕལ་ཆེར་གྲུབ་ཅུང་མགྱོགས་པའི་སྐྱོན་ཡིན་ནམ་ཞུ་ན་འང༌། རང་བློ་ཁ་རྫོགས་པོ་བྱུང༌། འཕྲོ་རྣམས་ནོར་བུ་གླིང་དུ་གྲུབ་པར་བྱས། གོང་གཤམ་སོགས་བཟོའི་བྱ་བ་ལེགས་པར་གྲུབ་པ་ནས་དགྱེས་རྡོར་ཆོ་ག་བཟང་པོ་དྲུག་པའི་སྒོ་ནས་རབ་ཏུ་གནས་པ་བཀྲ་ཤིས་མངའ་གསོལ་དང་བཅས་གནས་མཆོག་སློབ་བཤད་ནོར་བུ་གླིང་དུ་གྲུབ་པ་ཡིན་ནོ། །དེའི་ཚེ་དཀར་མེ་བཟུང་ཉིན་མཚན་ཁ་རེ་ཐུབ་པ་བྱུང༌། རྗེ་ས་པཎ་རྣམ་ཐར་ངོ་མཚར་གཏམ། །གཟུགས་རི་མོར་བཀོད་པ་ཚོན་གྱི་བཀྲ། །མིག་བདུད་རྩིར་སིམ་པ་ཡིད་བདེའི་དཔལ། །དོན་ཅི་བསམ་རེ་བ་རྫོགས་པར་ཤོག །མིའི་དབང་པོ་འདར་ནས་ཁུ་དབོན་གསུམ་གྱི་གཟིམས་ཆུང་རབ་གསལ་སྟེང་འོག་གསུམ་ཡོད་པའི་འོག་མ་མི་དབང་ལྷུན་ཆེན་གྱི་གཟིམས་ཆུང་ལ་བརྒྱ་བྱིན་ཕོ་བྲང༌། བར་མ་མི་དབང་ཆོས་སྐྱོང་ལྷུན་གྲུབ་ཀྱི་གཟིམས་ཆུང་ལ་ཤིང་རྩི་ལེགས་པར་བྱས། ལམ་ཟབ་ལ་ཐུགས་དམ་གཙོ་བོར་མཛད་པས་ལོགས་བྲིས་ལ་རང་ཉིད་གཙོ་བོར་བྱས་པའི་ལམ་ཟབ་བརྒྱུད་པའི་བླ་རིམ། ཆོས་སྐྱོང་ནོར་ལྷ་སོགས་ཀྱིས་བསྐོར་བ་ལེགས་པར་བཞེངས་དེ་ལ་རབ་གནས་ལ་ཤོག་གསུང༌། འབྲུག་ལོ་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་གི་ནུབ་སྟ་གོན་བཙུགས། ཚེས་བཅུ་གཉིས་ལ་དངོས་གཞི། ཚེས་བཅུ་གསུམ་གྱི་ཉི་རྩེར་སྨིན་དྲུག་རྒྱུ་བའི་དུས་རབ་གནས་དངོས་གཞིའི་མེ་ཏོག་གཏོར། དཀྱིལ་འཁོར་རྡུལ་