R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༠༠
[A:༦༠༠]ཚོན་ལ་བརྟེན་པ། ཆོ་ག་ཀྱེ་རྡོར་བཟང་པོ་དྲུག་པ་ནུབ་གཉིས་ཉིན་གསུམ་པའི་ཆོ་ག་ཁ་ལག་ཚང་བར་བྱས། འོན་ཀྱང་དཀྱིལ་འཁོར་སྦྱིན་སྲེག་དང་མ་འབྲེལ་བས་རབ་ཏུ་གནས་པའི་ཆོ་ག་ཡོངས་སུ་མ་རྫོགས་པའོ། །ཞེས་གསུངས་པས་རབ་ཏུ་གནས་པ་རྒྱས་པ་ལ་དཀྱིལ་འཁོར་རྡུལ་ཚོན་དང་སྦྱིན་སྲེག་དགོས་པར་བཤད། མཇུག་ཆོག་སྦྱིན་བདག་བསྒོ་བའི་ཚེ་ཞལ་ངོ་རྣམས་རྒྱན་སྐུ་ཆས་བཟབས་པ་དང་བཅས་བསྒོ་བའི་ཆོ་ག་བཀྲ་ཤིས་རྫས་བརྒྱད་མངའ་གསོལ་དང་བཅས་པ་ལེགས་པར་བགྱིས། ཚོགས་འཁོར་ཚིམ་དྲུག་ཆོ་ག་ཅི་བཟབས་ཀྱི་སྟེང་དུ་ཆོས་རྗེ་འཇམ་དཔལ་དགའ་བའི་བཤེས་གཉེན་གྱི་བཤད་པའི་ཚིག་བཀྲ་ལེགས་པ་དང༌། ཚིག་དོན་ཕུན་སུམ་ཚོགས་པ་བྱས་དེའི་ཚེ་མེ་ཏོག་མང་པོ་ཕུལ་འདུག་པ་ལ། རྒྱ་ལྕམ་པའི་མེ་ཏོག་ཅིག་སྤྲུལ་ལོ་ས་ཀ་ཟླ་བའི་དུས་ཀྱང་མ་བསྐམས་པའི་སྟེང་དུ་རྐང་དང་འདབ་སྔོན་པོ་གསར་དུ་སྐྱེས་པའི་སྔོ་སོལ་ལེ་བ་དེ་ནས་ཀྱང་རྒྱུན་རིང་དུ་བསྡད། དེ་ངོ་མཚར་བར་འདུག་པས་འདི་ལ་ཚིགས་སུ་བཅད་པ་ཞིག་རྩོམ་དགོས་གསུང་ཁོ་བོས་ཀྱང་ཚིགས་སུ་བཅད་པ་འདི་རྣམས་བྱས། ལྷག་བསམ་ས་འཛིན་ཡངས་པའི་ལྟེ་བ་ཆེར། །དད་དང་འདུན་པའི་ཆུ་ལུད་མཚམས་སྦྱར་བ། །འདྲེན་པའི་བྱིན་རླབས་ཆར་གྱིས་སྨིན་པའི་མཐུས། །དཔག་བསམ་ལྗོན་པའི་ལོ་འདབ་གསར་དུ་འཁྲུངས། །རྟེན་འབྲེལ་ཟབ་མོའི་གསེར་སྐུད་ཐག་པ་ཡིས། །ཚེ་རབས་ཀུན་ཏུ་འབྲལ་མེད་དམ་དུ་བཅིངས། །གར་བཞུགས་ཆོས་དབྱིངས་དག་པའི་ཞིང་ཁམས་སུ། །ཟབ་དོན་ཆོས་ཀྱི་བདུད་རྩིས་