[A:༤༢༤]གཞན་སྤྲོས་པ་ཅི་ཡང་མེད། ཚོད་མ་ཡང་རང་གིས་སྐོལ། མཚམས་ཟླ་བ་བདུན་ཙམ་སོང་སྟེ། ཡབ་ཡུམ་གཉིས་ཆར་གྱི་བསྙེན་པ་སྦྱིན་སྲེག་དང་བཅས་པ་གྲུབ་མཚམས་དེ་ལ་འགལ་རྐྱེན་གྱི་ཚེར་མ་མེད་ཅིང་མཐུན་རྐྱེན་འཛོམ་པས་བློ་བདེ་སིང་ངེ་བ་མཚན་དུས་རྨི་ལམ་མི་ཟིན་པ་ཅི་ཡང་མ་བྱུང༌། རྨི་ལམ་ཟིན་རེས་ཀྱི་འོད་གསལ་ཅུང་ཟད་དང༌། དྲན་པ་རྣམ་གསུམ་ཏུར་གྱིས་བྱུང་དྲན་པའི་ཚེ་ཡང་འཇམ་དབྱངས་བླ་མ་དང་ས་པཎ་མི་དྲན་པ་མི་སྲིད། དག་མ་དག་གི་ཡུལ་སྣང་ལྟ་བ་སྣ་ཚོགས་འབྱུང༌། ལན་ཅིག་རྒྱ་གར་རྡོ་རྗེ་གདན་ལ་འགྲོ་སྙམ་པ་དང༌། ནུབ་ཕྱོགས་ལ་ཡུད་ཀྱིས་འཕུར་རྡོ་རྗེ་གདན་ཡིན་སྙམ་པའི་གཙུག་ལག་ཁང་ཆེན་པོ་ཞིག་ཏུ་སླེབ། རྒྱ་མཐོང་གི་ཐད་ན་དྲིལ་བུ་མང་པོ་ཞིག་དྲིལ་གདང་བྱས་བཏགས་འདུག་པ་ན་དབུས་ན་ནས་ཕུང་ཞིག་འདུག་པ་དེ་ནས་ནས་གཏོར་བས་དྲིལ་བུ་རྣམས་ལ་ཕོག་སྟེ་སེལ་ཁྲོམ་ཟེར་བའི་སྒྲ་ཆེམ་ཆེམ་ཆེན་པོ་ཞིག་བྱུང༌། ལྷའི་རྣམ་པ་གསལ་པོ་ནི་མི་དྲན་ཡང་ལན་ཅིག་རྨི་ལམ་བཟུང་ནས་བྱམས་མགོན་མཇལ་བ་ལ་འགྲོ་སྙམ་ཙ་ན་ནམ་མཁའ་ལ་གྱེན་དུ་ཡུད་ཀྱིས་འཕུར་སོང༌། དགའ་ལྡན་དུ་སླེབ་སྙམ་པས་ལྷ་དང་ལྷ་མོ་སོགས་མང་པོ་མཐོང༌། བྱམས་མགོན་དང་མཇལ་སྙམ་སྟེ་ཕྱག་བཙལ་སྨོན་ལམ་བཏབ་པའི་ཉམས་སྣང་ཤར་རོ། །གཞན་ཡང་རྨི་ལམ་ཉམས་ཀྱི་སྣང་བ་ལ། དྲན་པ་རྣམ་གསུམ་འབྱོངས་པའི་རྣལ་འབྱོར་པ། །བར་དོའི་གྲོང་ཁྱེར་བཅོམ་ཞེས་ཞལ་ལུང་ཡིན། །ལུས་འདི་མཁའ་སྤྱོད་འགྲོ་བའི་གཏམ་འདི་སྙན། །ཡང་ས་པཎ་དང་མཇལ་དུ་འགྲོ་སྙམ་པ་ཡང་ཡང་ཡོང་གིན་འདུག་པ་ལ་ལན་ཅིག་ཤར་ཕྱོགས་ལ་འཕུར་ནས་ཕྱིན་པས། ལུང་པ་ཡངས་པོ་ཤིང་རྩི་ནགས་ཚལ་ཐིབ་སེ་བ་ན་དགོན་པ་སྐྱ་ཆག་གེ་བ་ཞིག་མཐོང༌།