[A:༤༢༨]གཡས་རུ་བྱང་བ་འདི་ཆོས་རྒྱལ་ཡིན་པས་དེའི་གསུང་བཞིན་བྱེད་དགོས་གསུངས་ནས། བླ་མ་ཡབ་སྲས་ཀྱི་བཀའ་མ་ཆོགས་པར་རང་ལོ་སུམ་ཅུ་པ་བྱི་ལོའི་མཇུག་གླང་ལོའི་འགོ་བརྩམས་པའི་དགུས་ཆོས་སྟེང་དུ་ཆོས་གླིང་སློབ་དཔོན་བྱེད་དགོས་བྱུང༌། དེའི་ཚེ་ཆོས་རྒྱལ་ནམ་མཁའ་ཚེ་དབང་རྡོ་རྗེས་རེ་ཞིག་ཆོས་གླིང་སློབ་དཔོན་གྱིས་ཤིག །ཕུགས་མ་དབུ་མཛད་བློ་གྲོས་རྣམ་རྒྱལ་འདི་ཆོས་སྡེ་ཆེན་པོའི་རྒྱན་ཡིན་པས་འདི་ཡང་བཞུགས་བརྟན་པའི་ཐབས་སུ་འགྲོ་བ་དང༌། ཁྱེད་རང་ལ་ཡང་བྱ་རྒོད་གཤོངས་ཀྱི་མཚམས་ནས་ཡ་ག་ཆོས་སྡིངས་ལས་འཆད་ཉན་བྱེད་ས་ལྷག་པ་མེད་པས་བློ་ལ་ཞོག་གསུང་པ་ཕེབས། བདག་གི་དེ་འདྲ་མི་ལྕོགས་ཆོས་གླིང་སློབ་དཔོན་ལོ་གཉིས་གསུམ་བྱས། དེ་རྗེས་གྲོལ་ཆ་གནང་དགོས་ཞེས་ཞུས། དེ་ནས་གླང་ལོ་དེའི་དཔྱིད་ཀ་མན་ཆོས་གླིང་གྲ་ཚང་དུ་སློབ་གཉེར་པ་ཡང་ཤིན་ཏུ་མང་བ་བློ་གསལ་བ་ཡོད་པས་འཆད་ཉན་ཤིན་ཏུ་འཕེལ་བར་བྱུང༌། ཆོས་རྒྱལ་ཆེན་པོ་ཡང་ཤིན་ཏུ་ཐུགས་མཉེས། གསེར་དཔོན་ལྔ་དར་གྱི་བུ་འདི་བསྟན་པ་ལ་ཕན་པ་ཞིག་ཡོང་བ་འདུག་གསུངས་ཟེར། ཆོས་རྒྱལ་ནམ་མཁའ་རིན་ཆེན་གྱིས་ཀྱང་དེང་སང་དབུས་གཙང་གི་གཞུང་ན། གསེར་དཔོན་ལྔ་དར་གྱི་བུ་འདི་ལས་ཡོན་ཏན་ཆེ་བ་མེད་གསུངས། བོ་དོང་ནས་རྒྱུགས་ཀྱང་ལོ་འགའ་ཡར་གནང༌། དེའི་ཚེ་བྱམས་མཆུ་བ་ཟེར་བའི་དཔོན་སྐྱ་འདི་ཚང་གིས་ཁོ་བོ་བཙུན་ཆུང་ནས་ཆོས་གླིང་སློབ་དཔོན། ཡ་ག་ཆོས་སྡིངས་སློབ་དཔོན་གྱི་སྐབས་ཐམས་ཅད་དུ་གུས་ཞེན་ཆེ་ཞིང་མཁོ་བའི་ཡོ་བྱད་ཐམས་ཅད་བསྒྲུབ་པ་ཞིག་ཡོད། ཆོས་སྡེ་ཆེན་པོར་ཡང་རང་རེ་འུར་ཤོག་བདག་པོ་བཟང་པོ་བྱེད་པའི་སྤོབས་པ་ཆེན་པོ་མེད་པས་གྲགས་པ་ཆེན་པོ་བྱུང་བ་ནི་ལྐོག །བློ་གཟུར་གནས་