R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༦༡
[A:༤༦༡]གྲུའི་མཁན་པོ་ལྕགས་ཀྱི་རལ་པ་ཅན། །འདིར་གྲུ་སྐྱ་ཤེས་པ་ཡོད་དམ་ཟེར། །བློ་ཐོགས་མེད་ཤེས་ཟེར་ང་བློ་བདེ། །ལས་བྱས་པས་མ་ཤེས་མགོ་བོ་འཁོར། །གྲུའི་མཁན་པོ་བློ་འཁྲུགས་ཚིག་རྩུབ་སྨྲ། །སྐུ་གཅེས་པ་བླ་མ་བཞུགས་བཞིན་དུ། །ངེས་ཤེས་ཞེས་རྫུན་ཚིགས་ཧམ་གཏམ་སྨྲ། །ཁྱོད་ལྟས་ངན་ཙམ་ཞིག་ཤེས་སམ་ཅི། །ཤེས་མི་ཤེས་ལྟ་ཞེས་སྨྲ་ན་རུང༌། །ངེས་ཤེས་ཞེས་ཧམ་ཚིག་སྨྲ་བ་པོ། །ཚིག་འདི་འདྲ་ཕྱིན་ཆད་མ་སྨྲ་ཟེར། །དེ་ནས་ཕུང་པོ་རི་བོ་ཆེའི་ཐང་ཆེན་པོ་བརྒལ་སྟག་གྲུབ་ཁ་ལ་བྱས། ཁྱི་འཕྲང་རྡོ་ཐེམ་གྱི་འཕྲང་དོག་མོ་བཤགས་རྒྱ་པོའི་ཕོ་བྲང་གཞིས་ཀ་རིན་སྤུངས་སུ་སླེབ། དེ་དུས་སྡེ་སྲིད་དབུས་དམག་འཁོར་འཕྲལ་ཆབ་སྲིད་དར་ཞིང་རྒྱས་པ་གོ་འཕང་མཐོ་བའི་སྐབས་རང་ཡིན་ཏེ་རིན་སྤུངས་རང་ན་བཞུགས་འདུག་མཇལ་ཕྲད་ཐུགས་ཤིན་ཏུ་དགྱེས་པ་བྱུང༌། ཁྱེད་ཡོན་ཏན་གྱི་གྲགས་པ་ཆེན་པོ་འདུག་པས་ལྕགས་ཐང་རབ་འབྱམས་པ་ལྟ་བུའི་འཆད་ཉན་ཞིག་རྒྱོབ་ཤོག་གསུང་བ་སོག་བཀའ་བཀོད་བསླབ་བྱ་མཐིལ་ཕྱིན་པ་གནང༌། བྱང་ལ་རིངས་པའི་སྟབས་ཀྱི་ཞག་པོ་གསུམ་མིན་པ་སྡོད་སྐབས་མ་བྱུང་དེ་ནས་ཡར་ལམ་གཡུང་ལ་བྱས་གཡུང་ལ་བུད་ཙམ་དེ་ན་འབྲོག་ཡུལ་རྩ་ཁ་བཟང་པོ་བྱས་པ་ཞིག་འདུག་པས་དེར་བསྡད་པས་ཁ་བ་ཆེན་པོ་བབས་རོགས་རྩེ་ཆེན་པ་དྲུང་རམས་པ་ཆོས་འཕེལ་ཟེར་བ་དེས་བླ་མ་རིན་པོ་ཆེ་འབྲོག་པ་རུ་སོང་བས་ཐུགས་དགྱེས་རང་དགྱེས་དྲགས་ཡོད་ཟེར་བཞད་གད་ཐག་གེ་བསྡད། ལྷ་བརྒྱ་བྱིན་གནས་ལ་ཅོ་འདྲི་བའི། །བོད་རིན་ཅེན་སྤུངས་པའི་ཕོ་བྲང་མཐོང༌། །མི་ངག་དབང་འཇིགས་བྲལ་སྤྱན་ཟུར་འཛུམ། །ཐུགས་དགྱེས་པའི་བཀའ་མཆིད་མང་དུ་དར། །གཡུང་ལ་རྩེར་ཇ་སྐོལ་མངས་བའི་