R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༦༢
[A:༤༦༢]མཐུས། །ལ་བརྒལ་ཙམ་ལ་ས་སྐོས་འབྲོ་བཟང་དེར། །ཕྱུགས་རྟ་རྣམས་སྐྱིད་ནས་གཅེར་ཉལ་བྱེད། །ངེད་མི་རྣམས་ར་བར་མེ་ལྷ་མཆོད། །ཡུལ་ཁ་བ་བུ་ཡུག་མུན་ལྟར་འཚུབ། །ཁྱེད་འབྲོག་རིགས་རྣམས་ལ་འདི་རང་སྐྱིད། །ཐུགས་དགྱེས་སམ་ཟེར་ཞིང་གྲོགས་པོ་རྣམས། །ཉམས་བཞད་གད་ཐག་གེ་མཚན་རིང་བསྡད། །ནམ་ལངས་ཙ་ན་ཁ་བ་ཡང་ཆད་ངེད་རྣམས་ཀྱི་ལྷན་སྐྱེས་ཀྱི་མདུན་ཚུལ་ཆེན་ཟེར་བ་དེར་ཚ་རན་ལ་སླེབ། ཚུལ་ཆེན་དེ་ན་སྔོན་དཔལ་ལྡན་ས་སྐྱ་པའི་ཡིན་ཟེར་བའི་ལྷ་ཁང་ཞིག་ན་རིགས་ལྔ་བཞེངས་སྐུ་མི་ཚད་ཙམ་པ་རྒྱས་སྐུ་ཤིན་ཏུ་ལེགས་པ་རྣམས་མཇལ། དེ་ཉིན་དཔལ་འཁོར་ཆོས་སྡེར་སླེབ། བར་ཚོ་ཤག་ཟེར་བའི་སྔོན་དྲུང་ཆེན་རིན་རྒྱམ་པའི་གཟིམས་ཁང་སྤྲོ་མོ་ཞིག་ཏུ་བསྡད། དེ་ན་ཐུབ་བུ་ཆོས་མཛད་ཟེར་བའི་ཕྱུག་པོ་བན་གཟུགས་ཅན་སྣང་བ་བདེ་མོ་བྱས་པ་ཞིག་འདུག་པ་དེས་བྱ་གཤོངས་པའི་ཕྱོགས་ཞེན་གྱིས་སྣ་ལེན་ཤིན་ཏུ་བཟབས་པ་བྱས། དེ་ནས་རྒྱལ་མཁར་རྩེར་སྡེ་པ་སྐུ་མཆེད་དང་མཇལ་ཡར་ཚུགས་བཟང་བ་བསྒྲིགས་བཀོད་མ་ཉམས་པ་ཉི་མའི་གྲིབ་ཚོད་འཕྱུགས་མེད་ཀྱི་བཀོད་པ་ངོ་མཚར་བ་འདུག །སྡེ་སྲིད་ཆེ་བ་དེས་རྗེ་དམ་པ་ལ་གསུང་ངག་ཐོབ་པ་ཡིན་འདུག་པས་ལམ་དུས་འཆག་མེད་མཛད་ཟེར། ཁོ་བོ་ལ་ཤིབ་བུའི་ཚུལ་གྱིས་དེང་སང་ཕྱོགས་འདི་ལ་ལམ་འབྲས་ཡོངས་རྫོགས་ཐོབ་ཟེར། འོ་ན་སྒྲུབ་པ་ལུང་སྦྱིན་ཐོབ་བམ་བྱས་པས་དེ་འདྲ་རྣ་བས་མ་ཐོས་ཟེར། འདི་འདྲ་དག་ཅི་ཡིན་པ་འདུག་གི་གསུང༌། བདག་གིས་སློབ་མ་ཉམས་ཆུང་རྣམས་ལ་བླ་མས་འཁྲིད་རྐྱང་ཤར་རེ་བ་རེ་གནང་དེས་ལམ་འབྲས་རྫོགས་སོ་གསུངས་པ་དེ་ལ་འཁྲུལ་པ་ཡིན་མཆིས་ཞུས། དེ་ནས་ལི་མ་ལྷ་ཁང་གི་རྟེན་མཆོད་ངོ་མཚར་བ་རྣམས་དང༌། ཁྱད་པར་རྒྱལ་