R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༧༢
[A:༤༧༢]བཙན་གྱིས་དབང་མཛད། ཀ་མཱ་ལ་ཤྲཱི་ལ་དང༌། ཧྭ་ཤང་གཉིས་ཙམ་དང༌། དེ་རྗེས་ས་པཎྜིཏ་དང༌། འཕྲོག་བྱེད་དགའ་བ་གཉིས་མ་གཏོགས་མ་བྱུང་འདུག །རྣམ་གཉིས་ཀྱིས་ཀྱང་གཞུང་ལུགས་རྣམ་དག་ལ་འབེལ་བའི་གཏམ་ཅུང་ཟད་རིགས་པ་འདྲ་གསུང༌། ངེད་གཉིས་ཀྱིས་བགྲོ་གླེང་གི་ཀུ་ཅོ་ཆེན་པོ་ནི་མ་བྱས། བྱང་ཆེན་པས་དུས་འཁོར་ལ་བརྟེན་ནས་སངས་རྒྱ་བ་མ་གཏོགས། རྒྱུད་སྡེ་གཞན་ལ་བརྟེན་ནས་སངས་རྒྱས་བ་མེད་ཟེར་བ་སོགས་མང་ཞིག་གླེང་གིན་འདུག །ཁོ་བོས་དེ་སྐད་མི་གསུང་བ་ཞུ་དེ་དཔལ་ལྡན་ས་སྐྱ་པའི་གྲུབ་མཐའ་ནི་མིན། བརྟག་པ་གཉིས་པ་ལས། གང་གིས་མི་ཤེས་ཀྱེ་རྡོ་རྗེ། །དེ་ཡིས་ངལ་བ་དོན་མེད་ཡིན། །ཞེས་གསུངས་ཀྱང་དེའི་དོན་དགྱེས་པ་རྡོ་རྗེའི་ལམ་མ་ཡིན་པ། བླ་མེད་ཀྱི་ལམ་གཞན་ལ་བརྟེན་ནས་སངས་རྒྱ་བ་མེད་ཟེར་བ་རྗེ་བཙུན་གོང་མའི་དགོངས་པ་ལ་མེད་དེའི་དོན་གང་ཡིན་སྙམ་ན། དགྱེས་པ་རྡོ་རྗེའི་ཐུགས་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་དེ་ལྟ་བུ་ནི་ངེས་དོན་གྱི་འབྲས་བུའི་ཀྱེ་རྡོ་རྗེ་ཡིན་པས་དེ་ལྟ་བུ་མ་རྟོགས་ན་འཚང་མི་རྒྱ་ཞེས་པའི་དོན་ཡིན། དུས་འཁོར་རྒྱུད་དང་རྒྱུད་འགྲེལ་ལས། དུས་འཁོར་ལ་མ་བརྟེན་པར་སངས་མི་རྒྱ་ཟེར་བ་ལྟ་བུའི་ཚིག་ཡོད་ནའང་རྒྱུད་དེའི་ཆེ་བ་བརྗོད་པ་ཙམ་ཡིན་གྱིས་གྲུབ་མཐར་ཁས་ལེན་པ་མ་ཡིན་ཞེས་སོགས་ཞིབ་ཏུ་བཤད་དོ། །དེ་དུས་ངག་དབང་འཇིགས་བྲལ་ས་པཎ་གྱི་རྣམ་ཐར་རྟོགས་བརྗོད་རྩོམ་པའི་སྐབས་ཡིན་པས་སྙན་ངག་ལ་དོགས་གཅོད་ཤིན་ཏུ་མང་བ་བྱུང༌། རྗེ་གྲངས་ཆེན་པས་ཁོ་བོ་ལ་བྱུང་བའི་སྙན་ངག་ཅིག་ཡོད་པ་དེ་གཟིགས་ཕུལ་བས་ཨ་ཐོ་འདུག་མཚན་ཉིད་པ་སྤྱི་བ་ལས་དྲག་ཙམ་གསུངས། ཁོ་བོས་ཆོས་རྗེ་གྲངས་ཆེན་པ་ལ་ཕུལ་བའི་སྙན་ངག་ཅིག་ཡོད་པ་དེ་གཟིགས་ཕུལ་བས་ཐུགས་དགྱེས། དེའི་ནང་ཚན་ཤློ་ཀ་གཅིག་