[A:༤༧༤]པོའི་ནགས། །དཔལ་ཡལ་འདབ་བསྐྱོད་པའི་དྲི་བསུང་གིས། །ཀུན་དགའ་བ་བསྐྱེད་པར་བྱེད་འདི་མཚར། །ཅེས་གཟུགས་ཅན་གྱི་རྒྱུ་རྒྱན་ནོ། །ཁྱོད་ཞལ་ཟླ་འོད་ཤར་བས་རང་གི་འཁོར། །པདྨ་དཀར་པོའི་ཁ་བྱེ་འདོད་དགུ་ཡི། །སྦྲང་རྩི་བཅུད་ཞིམ་འཐུངས་པས་ཕྱོགས་ཀུན་གྱི། །བུང་བས་གླུ་དབྱངས་སྒྲོག་འདི་རྣ་བའི་རྒྱན། །དེ་ནས་བྱ་གཤོངས་སུ་སླེབ། ཕག་ལོ་དགག་དབྱེའི་བསྙེན་བཀུར་འདེགས་པ་ལ་བཀྲས་འཛོམ་མི་དབང་ནམ་མཁའ་དཔལ་འབྱོར་རང་ཕེབས། དེ་སྔ་མཇལ་མ་མྱོང་ཡང་འཇམ་དཀར་གྱི་རྗེས་གནང་ཞུ་བ་གནང་བསྙེན་བཀུར་གྱ་ནོམ་པ་མཛད། དེ་ནས་བཟུང་དའི་བར་དུ་ཐུགས་ཡིད་གཅིག་ཏུ་འདྲེས་མི་འཕྲོག་པའི་དད་པ་ཐོབ་པའི་སྦྱིན་བདག་ལེགས་པའི་གོས་ཞིམ་པའི་བཟའ་བ་ཡིད་དུ་འོང་བའི་ཇ། སྙིང་ཉེ་བའི་གྲོས་སོགས་ཀྱིས་སེམས་ལ་གཅགས་པའི་སྦྱིན་བདག་རང་དུ་གྱུར་བ་ཡིན་ནོ། །གྲོགས་མེད་གཅིག་པུར་རི་བོང་ཅན་འོད་ཀྱིས། །ཕན་བདེའི་སྐྱེད་ཚལ་བཞད་པར་མ་ནུས་ཏེ། །དད་ལྡན་སྦྱིན་པོའི་བརྩེ་གདུངས་འོད་བརྒྱ་པས། །ཕན་བདེའི་དཔལ་འབྱོར་པད་ཚལ་རྒྱས་སོ་སྙམ། །དེ་དུས་གནས་གསར་ནས་བོ་དོང་ལ་བཞུགས་པས་འཕྲལ་རྗེ་ཚར་ཆེན་གྱི་སློབ་མ་ཡིན་པས་གུས་ཞབས་ཆེ་སྙམ་པ་ལ། ཕུགས་རུུ་ང་བས་གཙེར་བ་རེ་མང་བས་བློ་མཚེར་དུང་ངེ་བ་བྱུང༌། འོན་ཀྱང་སྡེ་པ་སྲས་པོ་དེང་སང་ཆོས་མཛད་པ་འདིས་ཐུགས་བསམ་རྣམ་པར་དག་པ་གནང༌། བྱི་ལོ་བྱང་ནས་ཆོས་རྒྱལ་མཆེད་ཀྱང་ལྷ་དབང་རྩེར་ཕེབས་རྩོད་དུས་ཀྱི་རང་གཟུགས་ཤིག་སྟོན་པ་འདྲ་ཟེར་ཤུབ་བུར་འདུག །གདོང་དགའ་ནས་ཞབས་དྲུང་ཆོས་རྗེ་ལྷ་དབང་རྩེ་ནས་བྱ་གཤོངས་སུ་ཕེབས་སྔར་མཇལ་མ་མྱོང་ཡང་ཐུགས་བག་ཕེབས་པའི་གསུང་གླེང་མང་