R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༨༨
[A:༤༨༨]དགའ་མོ་ཞིག་བཞེང་ཐུབ་ན་ཅི་མ་རུང་སྙམ་པའི་བསམ་པ་རྒྱུན་ཆགས་སུ་ཡོད་པ་ནས་སྔ་གོང་ནས་འཇམ་མགོན་བླ་མ་ལ་བསླབ་སྟོན་ཞུས་པས། ཁྱེད་རང་གི་འཆད་ཉན་ལ་སློབ་གཉེར་བ་རྣམས་བློ་ཁ་རྫོགས་པ་རང་ཡོད་འདུག་པས་འཆད་ཉན་ཁག་ཆེ་དེ་གས་ཆོག་གསུང་གནང་བ་མ་བྱུང༌། ཕྱིས་ཁྱེད་རང་ལ་བློ་འདོད་ཆེན་པོ་འདུག་པས་འཆད་ཉན་མ་ཆག་པའི་གསེང་ལ་གང་ཡོང་གྱིས། ངས་ཀྱང་འཇམ་ཐལ་གྱི་མཐུད་འདྲ་ཨེ་ཡོང་ལྟ་གསུང་གནང་བ་ཐོབ། ཆོས་རྗེ་བསྟན་པ་དར་རྒྱས་པ་ངེད་རང་ལ་དད་འདུན་ཆེ་བ་དང༌། མཁར་ལས་ལ་ཉམས་མྱོང་ཆེ་བ་འདུག་པས་རོགས་ལ་འབྱོན་པར་བྱས། གྲྭ་པ་རྣམས་ལ་བསྐོར་བས་འདི་ཁམ་ཆེས་པས་སྨྲ་མི་ནུས་ཟེར་བ་དང༌། ཁ་ཅིག་བླ་མ་གོང་མའི་རབ་གནས་ཅན་ཡིན་ཟེར་བ་དང༌། ཕལ་ཆེར་འཆོས་ཁྱོད་ན་དེ་ལས་དགའ་བ་མི་འདུག་སྟེ་ཁྱེད་རང་གིས་ཆོད་ཟེར་རོ། །དེ་ནས་སྟག་ལོ་འཇམ་དབྱངས་སངས་རྒྱས་རྒྱལ་མཚན་ངམ་རིང་དབྱར་ཆོས་ཀྱི་གནམ་གང་ལ་མཁན་པོར་མངའ་གསོལ་འདུག་ཀྱང་བྱ་གཤོངས་སུ་མ་ཐོས་པར་ཞལ་དཀར་ལ་འགྲོ་མ་ཐུབ། དགུན་ཆོས་སྟེང་དུ་འགྲོ་རྩིས་བྱས་ནའང་སྟོན་ཅག་སྒང་ལ་དག་པའི་ཞིང་དུ་གཤེགས་ཟེར་གཏམ་བྱུང༌། གྲྭ་པ་སློབ་གཉེར་བ་སོགས་ཀྱིས་མཆོད་འབུལ་ཟླ་གཅིག་བར་དུ་མང་ཇ་རྒྱུན་མ་ཆད་པར་བཏང༌། མང་ཇའི་སྟེང་དུའང་བླ་མ་དགྱེས་པའི་མཆོད་པ་ཡིན་པས་དཀར་མེ་ལྷ་བཤོས་སོགས་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་དང༌། ཁྱད་པར་གསུང་རབ་ལ་དོགས་པ་དཔྱོད་པའི་རིགས་ལུང་རྒྱུན་རིང་བ་འུར་ཆིལ་ལེ་བ་བྱས། མཚན་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་འཁྱིལ། །ཕྱི་ཡི་མཆོད་པ་རྐང་འཐུང་བཏུང་བའི་ཆུས། །ནང་གི་མཆོད་པ་རྣམ་དཔྱོད་མེ་འབར་བསམ། །ལྟ་བ་ངན་པའི་བུད་ཤིང་ངོ་ཚ་ནས། །ལུང་རིགས་