R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༠༣
[A:༡༠༣]བགྲང་ཡས། རང་འདོད་སྐྱོ་ངལ་སྤངས་ནས་ཅི་གསུང་བཀའ་བཞིན་བསྒྲུབས་པས། ཐུགས་རྗེའི་བྱིན་རླབས་ཞུགས་པ་སོག་པོ་རྒྱལ་པོའི་བླ་མ། མདོར་ན་ལུང་རྟོགས་ཀྱི་ཡོན་ཏན་གཞན་ཅི་ཡང་མ་མཆིས་ཀྱང༌། རྗེ་བླ་མའི་བཀའ་དྲིན་འཁོར་ཐབས་མེད་པ་རྗེས་སུ་དྲན་པས། གར་གནས་སུ་གསོལ་བ་འདེབས་ཀྱིན་སྡོད་པ་བདག་ལྟ་བུས་མཐའ་བརྟེན་པའི་བུ་སློབ་ནམ་མཁའི་སྐར་ཕྲན་ཙམ་གྱིས་བཤད་སྒྲུབ་ཀྱི་སྒོ་ནས་བསྟན་པ་རིན་པོ་ཆེ་ནམ་ལངས་ཀྱི་ཉི་མ་ཤར་བ་ལྟར། ཕྱོགས་བཅུར་རྒྱས་པར་བྱེད་པ་ནི་བསམ་པའི་ར་བ་ལས་འདས་པ་ཡིན་ནོ། །མཁྱེན་རབ་མཆོག་ཏུ་ཡངས་ཤིང་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་བཀའ་བབས་པ་སྟག་ལུང་བན་དཔོན་པ། བསྟན་པ་སྟོབས་ཀྱིས་འཛིན་པའི་སྦྱིན་བདག་ཀྱང་རིགས་བརྒྱུད་ཆོ་འབྲང་ལྡན་ཞིང་སྟོབས་ཀྱི་འཁོར་ལོས་བསྒྱུར་བ། སྐྱིད་ཤོད་དགའ་ལྡན་པའི་ཞལ་ངོ་བསོད་ནམས་དཔལ་གྱི་མངོན་པར་མཐོ་བའི་ཤུན་མི་དབང་ཆེན་པོའི་ཡུམ་དང་བདག་མོ། སྟག་ལུང་ག་སེའི་གདུང་བརྒྱུད་སྡེ་པ་ཕོད་མདོ་བ། སེ་ཆེན་རྒྱལ་བརྒྱུད་ཧོར་རྒྱལ་པོ། འ་ཞ་རྒྱལ་བརྒྱུད་རྩིས་གནས་གསར་བ། རྒྱ་མ་ཁྲི་དཔོན་གྱི་རྒྱལ་བརྒྱུད་སྡེ་པ་མཁར་རྩེ་བ། དེ་ནས་བརྒྱུད་པ་སྡེ་པ་གྲུབ་རྒྱལ་བ། བྱང་བརྒྱུད་རྒྱལ་པོ་རྒྱལ་ཆེན་རྩེ་པ་ལས་གྱེས་པ། དཔོན་ཆེན་རྒྱལ་བ་བཟང་པོའི་བརྒྱུད་པ་སྡེ་པ་གཞིས་ཀ་བ། མདོར་ན་སྐྱིད་འཕན་གྱི་སྡེ་དཔོན་རིགས་ཕལ་ཆེར། སྙེ་ཐང༌། སྟོད་ལུང༌། དབུར་སྟོད། སྟག་ལུང་ལ་སོགས་པའི་སྡེ་དཔོན་རིགས་ཕལ་མོ་ཆེས་མཆོད་ཅིང་བཀུར་བའི་གནས་སུ་བཞུགས་པ་ཡིན་ཅིང༌། སྐལ་བར་འཚམ་པའི་བཀའ་དྲིན་ནོད་པར་བྱས་པ་ཡིན་