[A:༡༡༢] རྡོ་རྗེའི་སྤུན་གྲོགས་དཔོན་པོ་བློ་གསལ་དེ། །རྗེ་བཙུན་གོང་ལ་འཆི་བའི་བསོད་ནམས་ཅན། །དེ་བཞིན་བདག་ཀྱང་འཆི་བ་མི་ཡོང་བར། །ད་དུང་ལུས་པའི་འདི་འདྲའི་དུས་མཐོང་བ། །སྒྱུ་མའི་ལུས་ནི་ཆུ་ཕུང་ཡིན་པ་འདྲ། །མིན་ན་འདི་འདྲའི་མཆི་མ་གང་ལས་འབབ། །བདག་གི་སྙིང་ནི་ལྕགས་ལས་གྲུབ་པ་འདྲ། །མིན་ན་ཚལ་པར་འགས་ལས་འོས་ཅི་ཡོད། །བསམ་ཞིང་རང་སྙིང་ཞུ་བ་མིག་ཆུར་བབས། །བསྒོམ་ཤིང་རྗེ་བཙུན་དེ་ཉིད་སྙིང་ནས་དྲན། །ད་ནི་དངོས་སུ་མཇལ་བའི་སྐལ་བ་མེད། །སྒྱུ་མའི་ལུས་ནི་བོར་མ་ཐག་དེ་རུ། །རྗེ་བཙུན་དྲུང་དུ་ཐོགས་མེད་ཕྱིན་ཆོག་སྙམ། །རང་ལ་སེམས་སོ་བཏང་ཀྱང་ཅུང་ཟད་ལས། །མ་ཕན་བདག་གི་གནས་སྐབས་འདི་གཟིགས་ལ། །རྗེ་བཙུན་བསྒྲིབས་མེད་སྤྱན་དང་ཐུགས་རྗེ་ཡིས། །མགོན་མེད་བདག་ལ་ཡང་ཡང་གཟིགས་སུ་གསོལ། །མ་ཡེངས་དུ་ཞིང་གསོལ་བ་བཏབ་པ་ལས། །རྨི་ལམ་ངང་དུ་གསལ་བར་ཡང་ཡང་བྱོན། །བདག་གི་རྣ་བའི་དབང་པོ་གཡས་པ་ལ། །རྗེ་བཙུན་ཞལ་གྱི་པདྨོ་སྦྱར་མཛད་ནས། །ངེས་དོན་ཟབ་མོའི་དམ་ཆོས་གནང་ནས་ཡལ། །ཅུང་ཟད་དགའ་ཡང་ད་དུང་མཆི་མ་ཤོར། །ད་དུང་བསམ་བློ་བཏང་བས་འདི་བཞིན་དྲན། །ཕ་རྒོད་རྡོ་རྗེ་འཆང་ཆེན་བླ་མ་དེས། །ལན་ཅིག་མ་ཡིན་ཡང་ཡང་དུས་རྒྱུན་དུ། །འཁོར་འདས་ཆོས་ཀུན་རང་སེམས་ཡིན་ནོ་གསུང༌། །ཁྱད་པར་རང་སེམས་བླ་མ་ཕྱག་རྒྱ་ཆེ། །རྗེ་བཙུན་དམ་པའི་བདེ་ཆེན་ཐུགས་ཉིད་དང༌། །རང་སེམས་དག་པ་བརྗོད་བྲལ་བདེ་ཆེན་དེ། །མཐའ་དད་མེད་དོ་གཅིག་ཏུ་ལེགས་པར་སོམས། །ང་དང་འབྲལ་བ་མེད་དོ་སྙིང་གི་བུ། །གསུང་བ་དྲན་ནས་བདག་ཅག་སྲོག་འཚོར་གྱུར། །དེ་ནས་བདག་གིས་སྐུའི་དབོན་པོ་སྡེ་པ་ཤཱཀྱ་དཔལ་འབྱོར་གྱི་