[A:༡༡༣]དྲུང་དུ་རྒྱུ་མཚན་བསླབ་སྟོན་ཞུས་པས། གསུང་ལས། ཁྱོད་ལྟ་བུ་ཞིག་མེད་ན་ངེད་རང་ཚོ་དབོན་པོ་ཡོད་པའི་དགོས་པ་ཡིན་པས་འགྲོ་བའི་བབས་ཐོབ་ཡིན་ཀྱང༌། ཁྱེད་ཀྱིས་མ་གིར་གོ་ཆོད་པ་གྱིས་ཤོག་གསུང༌། ངེད་ཚོས་འདི་ཚོར་གང་དྲག་བྱེད་གསུང༌། དེར་རྗེས་བདག་རྣམས་ཀྱིས་སེམས་སྡུག་ལ། ལུས་མགྱོགས་པར་ལོར་སླེབ། ས་ཆ་གཟིམས་ཁང་སོགས་བཀྲག་ཉམས་པའི་སྐྱོ་བ་ལ་ཚད་མེད་པ་བྱུང་ཡང༌། གཞལ་དུ་མེད་པའི་སྐུ་གདུང་རིན་པོ་ཆེ་དེ་ཉིད་སྨན་དང་དྲི་བཟང་ལ་སོགས་པས་བྱུགས། གོས་དར་རས་ཡུག་ལ་སོགས་པས་གྲིལ། གཞལ་དུ་མེད་པའི་འཇིག་རྟེན་གྱི་མཆོད་སྡོང་ཆེན་པོར་གྱུར་པའི་སྐུ་གདུང་རིན་པོ་ཆེ་དེ་ཉིད་གདུང་སྒྲོམ་གྱི་མཆོད་རྟེན་དུ་སྤྱན་དྲངས་ནས། དབུ་རྒྱན་དང་དར་ཟབ་ལ་སོགས་པས་གཡོགས་ནས་གདུང་གི་ཁྲིར་སྤྱན་དྲངས། མདོ་སྡེ་ཕལ་པོ་ཆེའི་གླེང་གཞི་ལས་བྱུང་བ་བཞིན་དུ། མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་མཆོད་པའི་དབུས་སུ་བཞུགས་སུ་གསོལ་ནས། རིན་པོ་ཆེ་བྱ་ཡུལ་གདན་ས་བ་དཔོན་སློབ་ཀྱིས་ཀྱེ་རྡོར། གཟིམས་འོག་ནས་དཔོན་སློབ་ཀྱིས་ཀུན་རིག་མཛད་དེ། རྒྱུད་སྡེ་རིན་པོ་ཆེ་ནས་བཤད་པའི་བླ་མའི་རྣལ་འབྱོར་དང་རྗེས་སུ་འབྲེལ་བའི་གསོལ་བ་ཡུན་རིང་དུ་བཏབ་པའི་ཚེའང༌། ཐམས་ཅད་བྱིངས་རྒོད་དང་བྲལ་ཞིང་ཁམས་དངས་པ་དགེ་སྦྱོར་གྱི་འཆར་སྒོ་སྟོབས་ཆེ་བ་དང༌། གྲྭ་རིགས་སྦྱིན་བདག་རྣམས་ཀྱིས་དཀར་མེ་སྙན་དར་དེར་བཞུགས་པའི་གསོལ་འདེབས་པ་རྣམས་ལ་ཡང་ཞབས་ཏོག་བསམ་གྱིས་མི་ཁྱབ་པ་བྱུང༌། དེ་ནས་སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་བའི་ཚེ། སྔ་གོང་བླ་མ་རིན་པོ་ཆེས་ཞུགས་འབུལ་བཞིན་གཅིག་གཉིས་གནང་བའི་ཕྱག་གཡོག་ཞུ་མྱོང་