[A:༡༢]བ་ཞེས་སུ་གྲགས། དེ་ནས་རིམ་བཞིན་བརྒྱུད་དེ་རོང་གཡག་སྡེར་ཕེབས། གདུང་མ་འཁྲུལ་བ་དཔལ་འབྱོར་བཟང་པོ་ལ་སྲས་གཉིས། ཤཱཀྱ་མགོན་པོ། བཤེས་གཉེན་བཟང་པོ། རྗེ་ཉིད་ཀྱི་ཡབ་ཕྱི་མ་ཉིད་ནི་གྲུབ་ཐོབ་ཀྱི་བླ་མ་མང་པོས་ཕྱག་བཞི་པའི་སྤྲུལ་པར་ལུང་བསྟན་ཅིང༌། སྐབས་ཤིག་དབུས་གཙང་གཉིས་གཡུལ་ཐུག་དུས་ཡབ་ཉིད་དབུས་པའི་དཔུང་གི་དཀྱིལ་དུ་འཐུམས་པས། གཙང་པ་རྣམས་ཀྱིས་ཡབ་ཤོར་བ་གཞིར་བཅས་བྱས། དབུས་པ་རྣམས་ཀྱིས་དམག་གི་དཀྱིལ་ལ་རལ་གྲི་མེ་འབར་བ་ཞིག་རྒྱུག་པ་མ་གཏོགས་མ་མཐོང༌། གཡུལ་གྱེས་ནས་མི་རྟ་གང་ལའང་སྐྱོན་ཅུང་ཟད་མ་བྱུང་སོགས་ཀྱི་ལོ་རྒྱུས་གཞན་ཡང་ཤིན་ཏུ་མང་བ་ཡོད། ཡུམ་བུ་འདྲེན་རྒྱལ་མོ་ནི། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ། གཏོང་བ་ལ་དགའ་ཞིང་དད་པ་ཆེ་བ་སོགས་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ། དེ་ཉིད་ལ་སྲས་ལྕམ་སྲིང་བརྒྱད་ལྷག་ཙམ་འཁྲུངས་པ་ལ། དང་པོ་ཚེ་དབང་རབ་བརྟན། གཉིས་པ་ནོར་བུ་ཚེ་བརྟན། གསུམ་པ་དཔོན་ས་ཤཱཀྱ་དཔལ་གྲུབ། བཞི་པ་རྡོ་རྗེ་ཚེ་བརྟན། ལྔ་པ་སྒྲོལ་མ་དཔལ་འཛོམ། དྲུག་པ་ཨ་མགོན་དོན་གྲུབ། བདུན་པ་ལེགས་མཛེས་སྒྲོལ་མ་ནི། སྙིགས་དུས་ཀྱི་འགྲོ་བ་འདྲེན་པར་སྤྲུལ་པའི་སྐུར་བསྟན་པའི་རྒྱལ་ཚབ་རིན་པོ་ཆེའི་ཡུམ། བརྒྱད་པ་དཔལ་རབ་བརྟན་རྗེས་མ་དཔལ་འདྲེན། དཔལ་རབ་བརྟན་ནི་དགུང་ལོ་བཅོ་ལྔ་ལ་གཤེགས། སླར་དེ་ཉིད་དུ་ཇོ་བོ་དྲུང་པ་རྣམས་ཀྱི་སྲས་པོར་སྐུ་འཁྲུངས། རིན་པོ་ཆེ་ཤཱཀྱ་བློ་ལྡན་པས། མཚན་ཤཱཀྱ་དཔལ་འབྱོར་དུ་བཏགས། སྐུ་སྐྱེ་བ་མང་པོ་དྲན། སློབ་དཔོན་པདྨས་སོག་ཟློག་པར་ལུང་བསྟན། སྔོན་གྱི་བསོད་ནམས་ཀྱི་མཐུ་ལས་ཕྱག་