R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༧
[A:༡༧]གྱི་ལམ་དེ་འདི་ན་ཡར་ལ་ཡོད་དགོངས། ལམ་དང་ལུང་པ་ཆོས་སྡེ་ཇི་ལྟ་བ་བཞིན་ཐུགས་ལ་གསལ་བྱུང་བ་དང༌། སྔོན་ཆད་སྐུ་ན་གཞོན་པས་མཚན་གསན་པ་ཙམ་ལས་མེད་ཀྱང༌། རྒྱལ་བ་བྱམས་ཆེན་རབ་འབྱམས་པ་དེ་ཉིད་ཀྱི་མཚན་ནས་སྨོས། ཞེས་པ་དང༌། བསྙེལ་བ་དང་ངལ་བ་ཡང་མེད་པར་སྐྱེད་མོས་ཚལ་གྱི་ཕྱོགས་ལ་ཕྱག་འཚལ་ཞིང་བཞུགས་པས། ཉི་མ་ཕྱི་མོར་སོང་བ་དང་གཅེན་མོ་གཉིས་ཀྱི་དགོངས་པ་ལ། རྗེ་འདི་ཉིད་གར་སོང་སྐུ་རྦབ་བྱུང་བ་ཡིན་སྙམ་ཧ་ལས་ནས་བྱོན་པས། ད་ནང་ལྟད་མོ་མཛད་ས་དེ་ག་ན་སྤྱན་ཆབ་བསིལ་ཞིང་ཕྱག་འབའ་ཞིག་འཚལ་གྱི་བཞུགས་འདུག །གཅེན་མོ་ལེགས་མཛེས་དྲུང་གིས་ཨོ་ལོ་འདི་ན་ཅི་མཛད་ཀྱི་ཡོད་གསུངས་པས། ཁྱེད་སྐུ་མཆེད་ཀྱི་མེ་ཏོག་སྲབ་མོ་སྤར་མོ་གང་པོ་འདིས་ཅི་ཡོད། ངས་ནི་སྐྱེད་མོས་ཚལ་ཕྱོགས་ལ་ཕྱག་འཚལ་ཞིང་བསྡད་གསུང༌། འོ་ན་དེ་ན་སུ་ཡོད་ཞུས་པས། དེ་ན་ཀུན་མཁྱེན་རིན་པོ་ཆེ་བཞུགས་མོད་ཧེ་ཧེ་གསུང་འདི་སྐོར། རྗེ་དེ་ཉིད་ཐུགས་རྗེས་ཤིན་ཏུ་འཛིན་པའི་ཅི་གསུང་སྐྱོ་ངལ་མེད་པར་བསྒྲུབ་པའི་སོག་པོའི་རྒྱལ་པོའི་བླ་མ་ལ་སྐུ་རྩེད་དང་བཅས་པའི་གསུང་ལགས། ཁོང་པས་ཨ་ཙ་ར་དེ་གཉིས་གང་ལགས་ཞུས་པས། ཨ་ཙ་ར་ཟེར་བ་རྒྱ་གར་གྱི་སྤྲང་པོ་ལ་ཟེར་བ་ཡིན་མོད། ཁྱོད་ཁ་ཚུམ་གསུང༌། དེར་རྗེས་ཛོ་གི་གར་སོང་མ་ཤེས་གསུང༌། དོན་ལ་མགོན་པོ་ཞལ་ཡིན་འདུག་པར་བསམ་མོ། །སྔོན་ནས་སྟོབས་བཅུའི་འབྱོར་པ་བཟུང་བ་ལས། །བསམ་ཤིང་འགྲོ་བའི་དོན་དུ་གང་བྱོན་པ། །དེ་དག་ཆུང་ངུའི་དུས་ནས་རྒྱལ་སྲས་ཀྱི། །རླབས་ཆེན་སྤྱོད་པས་སྐྱེ་རྒུའི་ཉེར་འཚོར་གྱུར། །གཉིས་པ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་