[A:༢༦]པ་ཞིག་སོང་བས། ངའི་བསམ་པ་ལ་ཁོ་ང་ལ་བར་ཆད་རྩོམ་པ་ཡིན་འདུག་སྟེ། ངེད་རང་ཚོའི་གནས་ཚུལ་ནི་དེ་ཡིན། བླ་མ་ཀུན་མཁྱེན་རིན་པོ་ཆེ་འདྲ་བ་ནི་མ་བཞུགས། ཁྱོད་ང་ལ་བར་ཆད་བྱེད་མ་ཐུབ་ན་ངོ་ཚ་ལ་དགོངས་པ་དང་མེད་སོང༌། དེ་ནས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་དགོངས་པ་རྫོགས་ཐབས་དང༌། དངུལ་གདུང་རབ་གནས་མ་གྲུབ་པར་ཞལ་བཀོད་མཐིལ་ཕྱིན་པ་མཛད་ཅིང་བཞུགས། དེ་ནས་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕེབས་ཏེ། དེ་ཡང་ཐུབ་སྟོབས་ཀྱི་དབང་ཕྱུག་ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ལ་ལུས་ངག་ཡིད་གསུམ་ཅིག་ཅར་ཕུལ། མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་མཛད་ནས། རྒྱུད་སྡེ་རྒྱ་མཚོའི་ཟབ་དོན་ཐམས་ཅད་བཀའ་བབས་པའི་ཚུལ་ནི། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་ཐུགས་རྗེའི་ལྕགས་ཀྱུས་དྲངས་ཤིང༌། བདག་ཉིད་ཆེན་པོ་འདིའི་སྔོན་གྱི་སྨོན་ལམ་དང༌། བསྐལ་པ་དཔག་ཏུ་མེད་པ་ནས་ཚོགས་གཉིས་བསགས་པའི་འབྲས་བུ་དང༌། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་འཕྲིན་ལས་ཀྱིས་བསྐུལ་བའི་སྟོབས་ཀྱིས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་དངུལ་གདུང་རབ་གནས་གྲུབ། རྨུ་ཤོངས་དགའ་བའི་ཚལ་དུ་ཕེབས་ཏེ། འདི་སྐད་དོ། །སྔོན་གྱི་དུས་ན་མཁས་གྲུབ་ཁྱུང་པོ་དེ། །བདག་སོགས་རྨུ་རྒོད་འགྲོ་ལ་བརྩེར་དགོངས་ནས། །དུས་འདིར་ཚར་ཆེན་རྡོ་རྗེ་འཆང་དུ་གྲགས། །བདག་སོགས་གདུལ་བྱའི་རེ་བ་སྐོང་དེར་འདུད། །རྡོ་རྗེ་འཆང་ཆེན་པོ་དེ་ཉིད་དང་མཇལ། ཕྱག་རྫས་ཀྱི་དངོས་པོ་རྣམས་འཁོར་གསུམ་ཡོངས་སུ་དག་པར་ཕུལ། མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་བྱས། སྐྱེ་བ་དཔག་ཏུ་མེད་པ་ནས་རྗེས་སུ་བཟུང་བའི་དམ་པར་ངེས་ཏེ་ཐུགས་ཡིད་གཅིག་ཏུ་འདྲེས། རང་གི་