[A:༢༧]བསམ་པར་རྗེ་བཙུན་དམ་པ་འདི་ཉིད་ཀྱིས་ཅི་གསུང་བསྒྲུབས་ཏེ། དཔལ་ལྡན་ས་སྐྱ་པའི་རྒྱ་ཆེ་ལ་ཟབ་པའི་ཆོས་རྣམས་ཐོབ་པ་ཞིག་བྱས། ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ནས་བསྟན་པ་དང་སེམས་ཅན་ལ་ཕན་པར་བྱེད་དགོས་དགོངས་པ་ཤར། སྐུ་དང་འབྲལ་མེད་ལྟ་བུར་བཞུགས། དེའི་དུས་ཤིག་གསོལ་དཔོན་མ་ཆེན་མ་བཞུགས་པ་ཞིག་ལ་རྗེའི་དྲུང་གིས་མ་ཆེན་མྱུར་དུ་ཡོང་དེ་བར་གཉེར་གྱིས་གསུང༌། དེའི་དུས་དང་དཔོན་སློབ་ལ་གསོལ་ཇ་ཅུང་ཟད་དཀོན་པར་ཡོད་པ་ལ། ཁམས་ནས་རྗེ་ཉིད་ཀྱི་བུ་ཆེན་མི་ཉག་དཔོན་པོ་མགོན་པོ་འོད་ཟེར་གྱིས་གསོལ་ཇ་བཟང་བ་མང་བའི་འབུལ་སྐྱེས་བྱུང་བས། ཆོས་རྗེའི་དྲུང་གཞན་དང་མི་འདྲ་བ་ཞིག་འདུག །གཉེར་བྱས་མ་ཐག་ཇའི་འབུལ་སྐྱེལ་འདི་ཙམ་བྱུང༌། རྟེན་འབྲེལ་ཤིན་ཏུ་ལེགས་གསུང་མཉེས་མཉེས་མཛད། ཇི་ལྟར་ཚོང་དཔོན་གྱི་བུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་ལམ། རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་ཆོས་འཕགས་བསྟེན་པ་བཞིན་དུ་རྩེ་གཅིག་ཏུ་ལྷུར་མཛད་པས། ལམ་ཟབ་མོ་བླ་མའི་ལམ་གྱི་རྟེན་འབྲེལ་ཐམས་ཅད་རང་ཤུགས་ཀྱིས་འགྲིག་སྟེ། རྣལ་འབྱོར་དབང་ཕྱུག་བིརྺ་པའི་ཐུགས་ཀྱི་བཅུད། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་ཚད་མ་སྙན་བརྒྱུད་བཞི་ལྡན་བར་མ་ཆད་བར་བཞུགས་པའི་ཉམས་བཞེས་ཀྱི་གཙོ་བོ་རྗེ་འདི་ཉིད་ལ་བརྒྱུད་པ་གསུམ་འདུས་ཀྱི་གཙོ་བོ་གཅིག་ཏུ་འདུས་ཤིང༌། ཁྱད་པར་རྗེ་སེམས་དཔའ་ཆེན་པོས་གཞན་ལ་ཆེར་མ་གནང་བའི་གདམས་པ་གསུང་ངག་རིན་པོ་ཆེ་སློབ་བཤད། བདག་ཆེན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ལ་བཀའ་བབས། དེས་རྗེ་བཙུན་རྡོ་རིངས་པ། དེ་ལ་རྡོ་རྗེ་འཆང་ཚར་ཆེན་ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་