R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༢༩
[A:༢༩]ངེས། ལྷག་པར་རྒྱུ་དབང་གི་སྐབས་སུ་དབང་སྟེགས་ཀྱི་དཀྱིལ་འཁོར་རྒྱས་པ། རྗེ་བཙུན་གོང་མའི་ཡི་གེ་ལས་བྱུང་བའི་ཕྱག་ལེན་གྱི་རྒྱུན་མ་ནུབ་པ། འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་ངོ་སྤྲོད་ཀྱང༌། ན་ཡམས་ཙམ་མ་ཡིན་པར་རྒྱུད་གསུམ་རྒྱས་བཤད་དང་བཅས་པ་ལ་རིག་ཐོག་ཏུ་བརྡར་ཤ་ཆོད་པའི་ཉམས་ལེན་གྱི་རྐང་ཚུགས་པ། ལམ་སོགས་ཉི་ཤུ་ཚང་མའི་འཁྲིད། ཞར་བྱུང་བར་དོའི་ཉམས་ལེན། དེ་དག་གི་ཚོད་འཛིན་རྨི་ལམ་གྱི་གདམས་པ། དབང་བཞི་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་དེ་ཉིད་རིག་པ་སྐད་ཅིག་མའི་སྟེང་དུ་སྐྱོང་ཚུལ་སོགས་ཐུན་མོང་མ་ཡིན་པའི་ཟབ་གནད་མེད་དུ་མི་རུང་བ་དང་བཅས་པ། མདོར་ན་བོགས་འདོན་གེགས་སེལ་སོགས་ཐུན་མོང་མ་ཡིན་པའི་ཕྲ་ཞིང་ཕྲ་བ་ནས་ཕྱག་འཁྲིད། ཉམས་འཁྲིད་ཚིག་འཁྲིད་སྐབས་སུ་གང་བབ། བསྟན་བཅོས་ཚད་མ་རྡོ་རྗེའི་ཚིག་རྐང་གི་གཞུང་གི་བཤད་པའང་ལུང་སོགས་ཀྱི་ཟོལ་ཟོག་མ་ཡིན་པར་ཐུགས་ཐོག་ནས་འབྲུ་ནོན་དང་བཅས་པ་འབྲེལ་ཆགས་ཤིང་དཀའ་གནད་ཀྱི་བཤད་པ་སོགས་ཆེས་ཆེར་སྒྲོ་འདོགས་ཆོད་པར་མཛད་པས། ཕྱི་ནང་གསང་བ་དེ་ཁོ་ནའི་རྟེན་འབྲེལ་མཐའ་དག་ཅིག་ཅར་འགྲིག་སྟེ། ཚད་མ་སྙན་བརྒྱུད་བཞིའི་མངའ་བདག་ཆེན་པོར་བཞུགས་པ་ཡིན་ནོ། །གཞན་ཡང་ལམ་སྐོར་ཕྱི་མ་བརྒྱད་དང་བཅས་པ། ལམ་སྐོར་ཕྱི་མའི་ལུང་དང་བཅས་པ་ཤིན་ཏུ་ཚང་བ། གསུང་ངག་སྔགས་ལམ་མན་ལ་ཟླ་བ་བདུན། སྣང་གསུམ་ཡན་ལ་མ་ངེས་བྱུང་ལགས། རྗེ་ཉིད་ལ་རིན་པོ་ཆེ་རྡོ་རིང་པ་དེ་ཉིད་ཀྱིས། ཁྱོད་ལ་བསྟན་པ་དང་སེམས་ཅན་ལ་ཕན་པའི་སློབ་མ་མཆོག་ཏུ་གྱུར་པ་གསུམ་ཡོང་བས། དེ་གསུམ་པོ་ལ་རིང་བསྲེལ་འདི་འདྲ་རེ་རེ་བྱིན་གསུང༌།