R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༣༠
[A:༣༠] གསུམ་ཡོད་པ་ལས། གཅིག་རྗེ་ཉིད་ལ་གནང༌། དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་ཧེ་རུ་ཀ །ཞིང་འདིར་ངུར་སྨྲིག་འཆང་བའི་བློ་གསལ་ཞབས། །མཁས་ཤིང་གྲུབ་པའི་དབང་ཕྱུག་བླ་མ་དེའི། །ཞབས་སེན་ཆུ་ཤེལ་དཀར་པོའི་མདངས་འོད་ཅན། །ཁྱོད་གཙུག་ནོར་བུའི་སྤོ་ལ་ཤར་བའི་མོད། །ཐུགས་ཀྱི་ཆུ་གཏེར་ངོས་སུ་གསང་ཆེན་གྱིས། །ཆ་ཤས་ཡོངས་སུ་རྫོགས་པའི་རི་བོང་ཅན། །སྙན་བརྒྱུད་བདུད་རྩིའི་གཏེར་དེ་ལྷུངས་པ་བཞིན། །གང་ལས་གསུང་ངག་པདྨོའི་ཟེའུ་འབྲུའི་བཅུད། །ཐོབ་པའི་རྐང་དྲུག་ལྡན་པ་བསམ་ཡས་ཀྱང༌། །སློབ་བཤད་ཟབ་མོ་ཨ་དུམ་ཝཱ་ར་ཡིས། །གེ་སར་སྙིང་པོས་འཚོ་བ་ཁྱོད་ཁོ་ན། །བདག་ཅག་གི་དཔལ་ལྡན་བླ་མ་དམ་པ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་པུ་འཇམ་དབྱངས་ཁྲོ་བོའི་དབང་པོ་དེ་ཉིད་ཀྱི་དྲུང་དུ་ཕ་བླ་ན་མེད་པའི་རྒྱུད་ཀྱི་སྙིང་པོ་ཞེ་སྡང་ཅན་གཙོ་བོར་འདུལ་བ་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་གྱི་ཉིང་ཁུ། ཟབ་པ་ལས་ཀྱང་ཆེས་ཤིན་ཏུ་ཟབ་པ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཆོས་སྐོར་དུ་མ་ཞིག་ནོས་པའི་ཚུལ་ནི། སྤྱིར་འདི་ཉིད་ལ་མལ། ཞང༌། སྐྱོ། གཉོས་སོགས་སྒྱུར་བྱེད་དམ་པ་དུ་མས་སྤྱན་དྲངས་པའི་བཤད་སྲོལ་མང་དུ་བཞུགས་ནའང༌། གཙོ་བོར་གྱུར་པ་མཆོག་ཏུ་ཟབ་ཅིང་ཁྱད་ཆོས་དུ་མའི་སྒོ་ནས་ཁྱད་པར་དུ་འཕགས་པ་ནི། མཐུ་སྟོབས་ཀྱི་དབང་ཕྱུག་རྭ་ལོ་ཙྭ་བ་ཆེན་པོ་ནས་རིམ་གྱིས་བརྒྱུད་དེ། རིམ་པས་བརྒྱུད་པ་གསུམ་གྱི་བཀའ་ཐམས་ཅད་རྗེ་བཙུན་འདི་ལ་བབས་པ། དེ་ཉིད་ཐོབ་པའི་རིམ་པ་ནི། ཐོག་མར་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དྲག་པོ་ཁྲོས་པ་ལྷ་བཅུ་གསུམ་གྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ། གྲོལ་