R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༣༡
[A:༣༡]བྱེད་ཀྱི་ལམ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྫོགས་རིམ་རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད་ཉམས་འཁྲིད་དུ་ཐོབ། རྫོགས་པའི་རིམ་པ་རྣལ་འབྱོར་བཞི་འཁྲིད། རྡོ་རྗེའི་ཚིག་གི་རྣམ་པར་འབྱེད་པའི་འཁྲིད། རྭ་རྩེ་སེམས་འཛིན། མཚན་མ་གྱེན་སྒྲེང༌། མཚན་མོ་རྒྱུ་བ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་དབང་བཞིའི་ལམ་རྫོགས་པའི་འཁྲིད། རྩ་བའི་རྒྱུད་རྟོག་པ་བདུན་པ་སོགས་ནས་རྭ་པོད་ཡོངས་རྫོགས་ལུང༌། རྒྱ་སྟོན་གྱིས་མཛད་པའི་ཡིག་ཆུང་རྣམས་ཟབ་གནད་ཁྱད་པར་ཅན། འབྲི་གུང་དཔལ་འཛིན་སྐོར་ཚང་མ། དེ་དག་གི་ཕྱག་ལེན་སོགས་ཚང་མ་ཕྱག་འཁྲིད་དུ་ཐོབ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྗེ་བཙུན་འཇམ་དབྱངས་གཤིན་རྗེ་གཤེད་ཆེན་པོ་དེ་ཉིད་ཀྱི་དྲུང་དུ། ཕ་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་སྙིང་པོ། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་བིརྺ་པའི་ཞལ་གྱི་བཅུད་ཕྱུང་བ། སྐལ་ལྡན་དབང་པོ་ཡང་རབ་གྲོལ་བར་བྱེད་པའི་ལམ། དཔལ་གཤིན་རྗེ་གཤེད་དམར་པོའི་རྫོགས་རིམ་ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་འཁྲིད། ཉམས་འཁྲིད་དུ་ཐོབ་པའི་ཐོག་མར་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ་ཕྱིན་ཅི་མ་ལོག་པ་ཐོབ། ལྷ་མོ་འོད་འཛིན་མའི་བྱིན་རླབས། འོད་གསལ་འབར་བའི་བྱིན་རླབས། བདུད་རྩི་བྱིན་རླབས། ལུང་གི་སྐོར་སོགས་ཤིན་ཏུ་ཚང་བ། རབ་འབྱམས་རྒྱལ་བའི་གསུང་དབྱངས་རྡོ་རྗེའི་སྒྲ། །གདུལ་དཀའ་འདུལ་ཕྱིར་དབང་ཆེན་ཁྲོས་པའི་གར། །མ་ལུས་འགྲོ་ལ་གྲུབ་གཉིས་དཔལ་སྟེར་བའི། །དྲིན་ཆེན་བླ་མ་མཆོག་དེར་སྙིང་ནས་འདུད། །རྗེ་བཙུན་དམ་པ་དེ་ཉིད་ཀྱི་དྲུང་དུ། །སྒྲུབ་ཆེན་བཀའ་བརྒྱད་