[A:༣༢]འདུས་པའི་ཡང་སྙིང༌། གསང་བ་ལས་ཆེས་གསང་བ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ཆོས་སྐོར་ཡོངས་སུ་རྫོགས་པར་ཐོབ་པ་ལས། ཐོག་མར་དབང་ཆེན་ལྷ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ་ཐོབ། འཆི་མེད་ཚེའི་རྫོང་ཆུང་གི་དབང༌། ལུང་གི་སྐོར་ལ། དཔལ་རྟ་མགྲིན་ཡང་གསང་ཁྲོས་པའི་རྒྱུད་ལ་སོགས་པ་ལུང་ཡོངས་རྫོགས། དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་རྫོགས། རྒྱུད། འགྲེལ་ཆེན་སོགས་དུས་འཁོར་སྐོར། ཕ་བླ་མ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་དྲུང་དུ། མཁའ་ལ་སྤྱོད་པའི་གྲོང་དུ་བགྲོད་པའི་ཉེ་ལམ་དུ་མ་ཐོབ་པ་ལས། ཐོག་མར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་ཉེ་བར་བརྒྱུད་དེ་འོངས་པའི་གསེར་ཆོས་ཐུན་མོང་མ་ཡིན་པ། མཆོག་བསྒྲུབས་པས་ཐུན་མོང་ཞར་ལ་འབྱུང་བ། དམར་མོ་སྐོར་གསུམ་གྱི་ཆོས་སྐོར་རྫོགས་པར་ཐོབ་པ་ལས། ཐུགས་གཙིགས་དང་ཐུགས་དམ་གྱི་གཙོ་བོར་གྱུར་པ་ཞལ་གཟིགས་ཀྱི་བརྒྱུད་པ་བར་མ་ཆད་པ། པཎ་གྲུབ་དབང་པོ་ནཱ་རོ་ཏ་པས་རྒྱ་གར་གྱི་སློབ་མ་ཡོངས་སུ་རྫོགས་པའི་པཎྜི་ཏ་བཅུ་གཉིས་ཙམ་དང༌། བོད་ཡུལ་མར་པ་ལོ་ཙཱ་ལ་སོགས་པ་དཀའ་བ་སྤྱད་པའི་སློབ་མ་སུ་ལ་ཡང་མ་གནང་བར་བླ་མ་ཕམ་ཐིང་པ་སྐུ་མཆེད་ཁོ་ན་ལ་རྗེས་སུ་གདམས་པའི་གསང་ཆེན་ནཱ་རོ་མཁའ་སྤྱོད་ཅེས་ཉི་ཟླ་ལྟར་གྲགས་པའི་སིནྡྷུ་རའི་དཀྱིལ་འཁོར་དུ་བྱིན་རླབས། འཁྲིད་ཀྱི་རིམ་པ་ཟབ་མོ་སློབ་བཤད་དུ་ཐོབ། ཡིག་ཆའི་ལུང་ཚང་མ། རྒྱལ་ཆེན་ཨིནྡྲ་བྷུ་ཏིས་མཛད་པའི་ཨིནྡྲ་མཁའ་སྤྱོད་དམ། ཕག་མོ་ཞལ་གཉིས་མར་གྲགས་པའི་སིནྡྷུ་རའི་དཀྱིལ་འཁོར་དུ་བྱིན་རླབས་ཐོབ། ཡིག་ཆའི་ལུང་ཤིན་ཏུ་ཚང་བ། རྡོ་རྗེ་རྣལ་འབྱོར་མ་རིག་པ་འཛིན་མ་ཆེན་མོའམ། མཻ་ཏྲི་མཁའ་སྤྱོད་