R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༣༣
[A:༣༣]དུ་གྲགས་པའི་བྱིན་རླབས། ཡིག་ལུང་ཚང་མ། བཅོམ་ལྡན་འདས་ཕག་དཀར་ཤེས་རབ་སྣང་བ། བླ་མ་དཔྱལ་ལོ་ཙཱ་བའི་ཁྱད་ཆོས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མ། དབུ་བཅད་མ། དོན་གྲུབ་རྣམས་ཀྱི་སིནྡྷུ་རའི་དཀྱིལ་འཁོར་དུ་བྱིན་རླབས་ཐོབ། དེ་དག་གི་ཡིག་ཆའི་ལུང༌། སེང་གེ་སྒྲའི་རྗེས་གནང༌། འཇམ་དབྱངས་དཀར་པོའི་རྗེས་གནང༌། མཁའ་འགྲོ་མ་སེང་གདོང་ཅན་དམར་མོའི་རྗེས་གནང༌། གཞན་རྗེས་གནང་ཤིན་ཏུ་མང་བ་ཐོབ། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་དྲུང་དུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཆོས་སྐོར་དུ་མ་ཐོབ་པའི་ཐོག་མར། གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལས་བརྒྱུད་དེ་འོངས་པའི་སྙན་བརྒྱུད་ཚད་མ་བཞི་བར་མ་ཆད་པའི་མན་ངག་ཏུ་གྱུར་པ། རྒྱ་མཚོ་ལྟ་བུའི་བཀའ་དྲིན་ནོས་པའི་བཀའ་བབས་བཞིའི་དང་པོ། །བརྒྱུད་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ། རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་ཁོ་ན་ལ་ཆིག་བརྒྱུད་དུ་བྱོན་པའི་ཟབ་ཆོས་དང༌། སྲས་ཀྱི་ཐུ་བོ་ཡར་ཀླུངས་པ་ཁུ་དབོན་ལས་བརྒྱུད་པ་དང༌། སྙན་བརྒྱུད་འཛིན་པའི་བར་སྡིངས་པ་རྡོ་རྗེ་རྒྱལ་མཚན་ནས་བརྒྱུད་པ་སྟེ། བཀའ་བབས་གསུམ་གྱི་བཅུད་བསྡུས་པ་ཁའུ་བྲག་རྫོང་པའི་ལུགས་ཕྱིན་ཅི་མ་ལོག་པ་ཐོབ་པ་ལས། དང་པོ་རྣལ་འབྱོར་དབང་ཕྱུག་བིརཱུ་པ་ནས་བརྒྱུད་པ། གཉིས་པ་བླ་མ་རྡོ་རྗེ་གདན་པ་ནས་བརྒྱུད་པ། གསུམ་པ་ཁ་ཆེ་པཎ་ཆེན་ནས་བརྒྱུད་པ། བཞི་པ་བླ་མ་མལ་ལོ་ཙཱ་བ་ནས་བརྒྱུད་པ། བརྒྱུད་པའི་བཀའ་བབས་གཉིས་སམ། དོན་གྱིས་བཞི་དང་ལྡན་པ། སྙིང་པོའི་མན་ངག་ཟབ་ཅིང་གསང་བ་རྟོགས་པར་དཀའ་བས། རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་རིམ་པའི་ཆིག་བརྒྱུད་