R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༣༥
[A:༣༥]ནི་ཆོ་ག་ཡིས། །ཕྱག་ན་ཐོད་པ་རྣམ་པར་བསྣམས། །ཞེས་གསུངས་པའི་སྦས་པའི་མགོན་པོའམ། གསང་བའི་མགོན་པོ། །སྟོབས་འཕྲོག་དབང་པོའི་མན་ངག་མཐའ་ཡས་པའི་སྐུ་དྲིན་ནོས་པ་ལགས། ཐམས་ཅད་མཁྱེན་པ་གོང་དཀར་བ་ནས་བརྒྱུད་དེ་འོངས་པའི་ཟབ་ཆོས་རྣམས་དང༌། དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་རྗེས་གནང་ཡིག་ཆའི་ལུང༌། གནོད་སྦྱིན་གྱི་རྗེས་གནང་ཡིག་ཆའི་ལུང༌། བཀའ་སྲུང་དམག་ཟོར་རྒྱལ་མོའི་རྗེས་གནང་སོགས། རྡོ་རྗེ་རབ་བརྟན་མའི་རྗེས་གནང་སོགས། རྗེ་བཙུན་བཅོམ་ལྡན་འདས་མ་སྒྲོལ་མ་དཀར་མོ་སྤྱན་བདུན་མ་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མའི་རྗེས་སུ་གནང་བ། ཐུན་མོང་མ་ཡིན་པའི་ཚེ་འཁྲིད། དཔལ་ལྡན་ས་སྐྱ་པའི་ཁྱད་པར་གྱི་གདམས་པ་ཐུན་མོང་བསྒྲུབས་པས་མཆོག་ཞོར་ལ་འབྱུང་བ་དམར་པོ་སྐོར་གསུམ་དུ་གྲགས་པ་འདི་ཉིད་ལ་བླ་མ་སོ་སོའི་བཞེད་པ་ངོས་འཛིན་མང་དུ་འདུག་ཀྱང༌། བརྒྱུད་པའི་གཙོ་བོ་བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་བཞེད་པའི་དབང་དུ་བྱས་ཏེ། རྗེ་བཙུན་རིགས་བྱེད་མ། ཁྲོ་བོ་འདོད་པའི་རྒྱལ་པོ། །ཚོགས་བདག་བགེགས་ཀྱི་བདག་པོ་གསུམ་ཡིན་ལ། དེ་དག་གི་མན་ངག་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཇི་སྙེད་པ་ཞིག་ཐོབ་པ་ལ། ཐོག་མར་དཔལ་ཀྱེ་རྡོ་རྗེའི་རྩ་བཤད་ཀྱི་རྒྱུད་དང༌། ཀུ་རུ་ཀུལླེའི་རྟོག་པ་ལས་གསུངས་པ། རྗེ་བཙུན་རིགས་བྱེད་མ་དཔའ་མོ་གཅིག་པའི་རྗེས་གནང༌། ཐུན་མོང་མ་ཡིན་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཐོབ། གྲུབ་ཆེན་ཌོམྦྷི་ཧེ་རུ་ཀ་ནས་བརྒྱུད་པའི་ཀུ་རུ་ཀུལླེ་ལྷ་ལྔའི་སིནྡྷུ་རའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་སུ་བྱིན་རླབས་ཀྱི་ཚུལ་དུ་ཐོབ། ཡིག་ཆའི་ལུང་སོགས་ཤིན་ཏུ་ཚང་བ། གཉིས་པ་ཁམས་གསུམ་དབང་