R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༤༢
[A:༤༢]མ་ཞུས་པ་གོ་མ་ཆོད་པའི་ཚད་ཅིག་བྱུང༌། ད་ནི་ན་སོ་རྒས་ནས་མི་ཡོང་འདུག །འོན་ཀྱང་བག་ཆགས་དང་སྨོན་ལམ་དགོས་འདུག་པས། རིན་པོ་ཆེས་ས་བཅད་ཙམ་གནང་བ་ཞུ་དང་གསུང༌། ཕྱག་གཉིས་ཐལ་མོ་སྦྱོར་བའི་རྣམ་པ་མཛད་དེ་གསན་པའི་ཚུལ་མཛད་དེ་ས་བཅད་ཙམ་ཕུལ། ཐུགས་ཡིད་གཅིག་ཏུ་འདྲེས། དེང་ནས་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ཡི་དམ་མཆོག་གསུམ་དབྱེར་མེད་བླ་མ་ལ། །གསོལ་བ་བཏབ་པས་རྣམ་ཀུན་རྗེས་བཟུང་སྟེ། །ཐུགས་ཡིད་གཉིས་མེད་འདྲེས་པར་བྱིན་གྱིས་རློབས། །ས་སྐྱ་པ་འཁོན་གྱི་གདུང་བརྒྱུད་དྲི་མ་མེད་པ་འཇམ་པའི་དབྱངས་ཀུན་དགའ་བསམ་གྲུབ་པའི་དྲུང་དུ་ཆོས་འབྲེལ་ཡོད་ཙམ་ཐོབ། མཁས་བཙུན་དམ་པ་ངག་དབང་ཆོས་གྲགས་ཀྱི། །སྲས་ཀྱི་ཐུ་བོར་བཅས་པའི་ཞབས་བསྟེན་ནས། །བསྙེན་པར་རྫོགས་ཤིང་ཟབ་ལམ་ཇི་སྙེད་པ། །གསན་ཅིང་ཐུགས་སུ་ཚུད་ལ་ཕྱག་འཚལ་ལོ། །དེས་ན། རྟེན་ནི་གསུམ་ལས་དགེ་སློང་མཆོག །འབྲིང་ནི་དགེ་ཚུལ་ཡིན་པར་འདོད། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་དང༌། དགེ་སློང་ཞེས་བྱ་ཆོས་ཀྱི་རྒྱལ་མཚན་དེ། །དགེ་སློང་ཞེས་བྱ་རྡོ་རྗེའི་སྲོག་ཤིང་ཡིན། །ཞེས་དང༌། ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཚུལ་ཁྲིམས་ཀྱིས་ནི་འགྲོ་བ་དམ་པ་ཐོབ། །ཅེས་སོགས་མདོ་རྒྱུད་རྣམས་ལས་ལན་ཅིག་མ་ཡིན་པར་ཕན་ཡོན་དང་བསྔགས་པ་བརྗོད་པ་རྒྱ་ཆེར་གསུངས་པ་རྣམས་ཀྱིས་ཐུགས་ཡིད་ཕྲོགས་ཏེ། རྗེ་བཙུན་མཁས་གྲུབ་དམ་པ་འདི་ཉིད་ཀྱི་དྲུང་དུ། དགུང་ལོ་སོ་དགུ་བཞེས་པ་གླང་ལོ་སྨིན་དྲུག་ཟླ་བའི་ཡར་ངོ་སྔོན་དུ་འགྲོ་བའི་ཚེས་