[A:༤༧]སོགས་ནས་བརྒྱུད་པའི་གཤིན་རྗེ་ནག་པོའི་སྐོར། དཔྱལ་ལོ་ཙཱ་བ་སོགས་ནས་བརྒྱུད་པའི་གཤིན་རྗེ་གཤེད་དམར་པོའི་ཆོས་སྐོར། ཤམ་བྷ་ལའི་བཤད་སྲོལ་དུས་འཁོར་སྐོར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་ལྷ་བཞིའི་ཆོས་ཐིག་ལེ་བཅུ་དྲུག་ལ་སོགས་པ་བཀའ་གདམས་ལུགས་ཀྱི་ཆོས་སྐོར། གྲུབ་ཆེན་དམ་པ་རྒྱ་གར་ནས་བརྒྱུད་པའི་ཞི་བྱེད་ཆོས་སྐོར། བོད་ཡུལ་གྱི་རང་བྱུང་གི་མཁའ་འགྲོ་མའི་ཆོས་སྐོར། སྤྱོད་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱིས་གཙོས་པའི་སྐོར། སློབ་དཔོན་པདྨ་འབྱུང་གནས་ནས་བརྒྱུད་པའི་གསང་སྔགས་སྔ་འགྱུར་གྱི་ཆོས་མང་པོ། །ཀུན་མཁྱེན་བུ་ལུགས་སྐོར་ཡང་མང་པོ། །མདོར་ན་འཕགས་ཡུལ་ནས་འགྱུར་རོ་ཅོག །བོད་ཡུལ་ན་གྲགས་པའི་རྡོ་རྗེ་ཐེག་པའི་ཆོས་ཚུལ་ཕལ་མོ་ཆེ་གསན་པར་མཛད་ཅིང༌། དེ་དག་ཀྱང་གསན་པ་ཙམ་དུ་མ་ཟད་དཔྱིས་ཕྱིན་པར་ཚིག་དོན་གྱི་སྒྲོ་འདོགས་མཐའ་དག་ཆོད་པར་མཛད་པས། རྡོ་རྗེ་ཐེག་པའི་ཟབ་ལམ་ཇི་སྙེད་པའི་མངའ་བདག་ཆེན་པོར་བཞུགས་པ་ཡིན་ཅིང༌། ལྷག་པར་དཔལ་ལྡན་ས་སྐྱ་པའི་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་རྣམས་ཡོངས་སུ་རྫོགས་པར་བཞུགས་ཤིང༌། ཐུགས་གཙིགས་སུ་མཛད་ཅིང༌། ཐུགས་ཉམས་སུ་བཞེས་པས་ངེས་པའི་ཤེས་པ་གཏིང་ནས་སྐྱེས་པས་སློབ་མ་ཡང་སློབ་བརྒྱུད་འཛིན་དང་བཅས་པ་རྣམས་སྐལ་པ་བཟང་པོར་ཤེས་པར་གྱིས་ཤིག །དེ་དག་ཀྱང་འདིར་ཡི་གེ་མང་པས་འཇིགས་པས་ཞིབ་པར་མ་བྲིས། དོན་དུ་གཉེར་བའི་དཔྱོད་ལྡན་དག་གིས་རྗེ་བླ་མའི་གསན་ཡིག་ཐོར་བུ་དག་དུམ་བུ་མང་པོར་གནས་པ་དག་ལས་ཤེས་བར་བྱའོ། །གསུང་ཆོས་ཀྱི་བཀའ་དྲིན་མང་དུ་ནོས་པ་ལ། ཡོངས་འཛིན་དེ་དག་