R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༥༦
[A:༥༦]སྣང་མཚན་མའི་ཆོས་སུ་མ་སྐྱེས། གཉིས་མེད་སྟོང་པའི་ཆོས་སུ་མི་འགག་པར་གསལ་ཙམ་ན་འདི་ཡིན་གྱི་མཚན་མས་སྟོང་ཞིང༌། སྟོང་ཙམ་ན་ཡེ་ཤེས་ཀྱི་རང་གདངས་འགག་པ་མེད་པར་འཆར་བས། གསལ་བ་དང་སྟོང་པ་ཟུང་དུ་འཇུག་པའི་ལྷན་སྐྱེས་ཀྱི་རང་བཞིན་དུ་ཡེ་གདོད་མ་ནས་བཞུགས་པ། ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ། ཇི་ལྟ་བ་སྔོན་དུ་འགྱུར་རྒྱུའི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའམ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ནམ། ཁྱབ་བདག་ཆེན་པོར་བཞུགས་པ་ཡིན་ནོ། །བདེ་ཆེན་ལྷན་སྐྱེས་ཧེ་རུ་ཀ་དཔལ་དང༌། །ཤེར་ཡུམ་ཆོས་དབྱིངས་ཟུང་འཇུག་ངང་དུ་རོལ། །དཔེ་དོན་ཡེ་ཤེས་ཟིལ་མངར་རོ་ལ་སྤྱོད། །རྫོགས་རིམ་རྟོག་པ་མངོན་གྱུར་དེ་ལ་འདུད། །ཅེས་པ་སྟེ།། །། ༈ མཁའ་འགྲོའི་དྲི་བ་དྲི་ལན་བཞུགས་སོ། །སྲད་ཀྱི་དགོན་པ་བདེ་ཆེན་ཕོ་བྲང་ན་ཡང་ཧོར་ཟླ་བདུན་པ་ཞིག་སྐུ་མཚམས་ལ་ཡོད་པའི་ཚེས་བཅོ་བརྒྱད་ཀྱི་ཐོ་རངས་ཁ་བུ་མོ་གཞོན་ནུ་མ་སྐྲ་མཆོག་མཐིང་ཞུན་གྱི་མདོག་ལྟར་སྔོ་མདངས་ཡོད་པ། མིག་དཀྱུས་རིང་ཞིང་སྒྲི་ཁས་མཛེས་པ། སྨིན་མ་དང་སྨ་ར་སེར་ཁྱུག་གེ་བ། མཆུ་པདྨའི་སྒྲོས་ལྟར་མཛེས་ཤིང༌། གོས་ཨིནྡྲ་ནཱི་ལའི་མདོག་ཅན་སྟོད་གཡོགས་དང་བཅས་པ། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ་ཞིག་བྱུང་བསམ་པ་ལ། རྨི་ལམ་ཡིན་ནམ་མིག་འཁྲུལ་བ་ཡིན་སྙམ་པ་ལ། དེ་ན་རེ། དགེ་བའི་བཤེས་གཉེན་པའི་འཁྲུངས་ས་དང་རིགས་གང་ཡིན། ཆོས་ལོ་དུ་ལ་མཛད། སློབ་གཉེར་གང་དུ་མཛད། གསང་སྔགས་ཀྱི་ཆོས་སུ་ལ་ཞུས། ཆོས་ལུགས་གང་ཡིན། དེའི་ནང་ནས་ཉམས་ལེན་གང་ལ་བྱེད་