R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༥༧
[A:༥༧]ཟེར་ཞིང༌། གླུ་འདུར་མ་དབྱངས་ལ་འདི་སྐད་དོ། །གཞི་ཚུལ་ཁྲིམས་ཀྱི་སྡོང་པོ་ལེགས་བརྟན་ཞིང༌། །ཐོས་བསམ་གྱི་ལོ་འདབ་རྒྱས་པ་ལ། །ཉམས་ལེན་གྱི་འབྲས་བུས་ཕྱུར་བུར་གཏམས། །བཤེས་གཉེན་དཔག་བསམ་གྱི་སྡོང་པོ་ཁྱེད། །འཁྲུངས་ཡུལ་ནི་དབུས་གཙང་གང་དུ་བྱས། །ཐོས་བསམ་གྱི་སློབ་གཉེར་གང་དུ་བགྱིས། །གསང་སྔགས་ཀྱི་ཆོས་ནི་སུ་ལ་ཞུས། །ཉམས་ལེན་གྱི་གཙོ་བོ་གང་ལ་བྱེད། །རྒྱུན་པར་བཞུགས་ས་ག་ན་ཡོད། །ཅེས་ལེན་གྱི་འདུག །ངའི་བསམ་པ་ལ། འདི་གང་ལ་བསམ་ཀྱང་དོན་དེ་རྣམས་བཤད་ཆོག་པ་འདུག་བསམ་ལན་དུ་འདི་སྐད་གསུངས་སོ། །ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། །མཐིང་ཞུན་མདངས་ལྡན་སྐྲ་མཆོག་མཛེས། །མིག་ནི་པདྨའི་འདབ་མ་འདྲ། །རིན་ཆེན་དུ་མའི་རྒྱན་འཕྲེང་ཅན། །ལྷ་ཕྲུག་བུ་མོ་ཁྱོད་ཉིད་ལ། །དྲིས་པའི་ལན་འདེབས་གླུ་འདི་ལེན། །ཐོས་བསམ་དང་ཉམས་ལེན་ཆེར་མེད་ཀྱང༌། །བླ་མ་སྙིང་ཞུགས་ཀྱི་རྣལ་འབྱོར་ངའི། །ལྟེ་བ་ནི་དབུས་གཙང་གི་མཚམས་སུ་བཅད། །རིགས་ནི་འོད་སྲུངས་ཀྱི་རིགས་སུ་སྐྱེས། །བཅོ་ལྔའི་ལོ་ལ་རབ་བྱུང་བསྒྲུབས། །རྡོ་རྗེ་གདན་དང་གཉིས་མེད་པའི། །འབྲས་ཡུལ་རྫོང་དཀར་ཆོས་གྲ་རུ། །འཇམ་དབྱངས་རྣམ་སྤྲུལ་ཀུན་མཁྱེན་ལ། །ཐོས་པའི་ཕྱོགས་ལ་ཅུང་ཟད་བསླབས། །རྡོ་རྗེ་འཆང་དང་དབྱེར་མེད་པའི། །མཁས་གྲུབ་ཀུན་གྱི་གཙུག་རྒྱན་མཆོག །གངས་ཅན་བསྟན་པའི་མིག་གཅིག་པུ། །རྗེ་བཙུན་ཚར་པའི་ཞབས་དྲུང་དུ། །རྒྱུད་སྡེའི་ཡང་སྙིང་ལམ་འབྲས་སོགས། །ཟབ་རྒྱས་ཆོས་རྣམས་ཇི་སྙེད་ཐོབ། །བཀའ་དྲིན་ཆེན་པོས་རྗེས་སུ་བཟུང༌། །