[A:༥༨]སྙན་བརྒྱུད་མན་ངག་ཟབ་མོ་རྣམས། །མ་བརྗེད་སྙིང་གི་དཀྱིལ་དུ་ཆོངས། །དེ་སྐད་གསུང་ཞིང་རྗེས་སུ་གདམས། །ཉམས་ལེན་གཙོ་བོ་ལམ་འབྲས་ཡིན། །རྒྱུན་པར་གནས་ས་འདི་ཡིན་མེད། །ཅེས་བླངས་པས་འདི་སྐད་ལོ། །ཁྱེད་རང་ཉམས་ལེན་དང་ཐོས་བསམ་ཆེར་མེད་གསུང་ནའང༌། འདི་ཕྱི་ཐམས་ཅད་དུ་ལེགས་འདུག །ངེད་འཇིག་རྟེན་པ་སྐྱེ་བ་དམན་པ་འདི་རྣམས་ཚེ་འདི་སྣང་གི་གཡེང་བ་སྣ་ཚོགས་ཀྱིས་གཡེངས། ནམ་འཆི་ནི་ཆ་མེད། ཤི་བའི་དུས་གང་གིས་ཀྱང་ཕན་པར་ནི་མི་འདུག་བཅུག་རང་བྱེད་ཟེར་ཞིང༌། གླུ་འདི་སྐད་ལོ། །བསླུ་མེད་ཀྱི་སྙིང་པོའི་དོན་ལྡན་པའི། །མཚན་ལྡན་བླ་མའི་ཞབས་ལ་འདུད། །སྙིང་མེད་འཇིག་རྟེན་བྱེད་པ་རྣམས། །སྙིང་པོ་ལོངས་པར་བྱིན་གྱིས་རློབས། །འབྲལ་མི་ཕོད་པའི་ཕ་མ་བོར། །ངོ་ཤེས་མི་རྣམས་རྒྱབ་ཏུ་སྐྱུར། །རྒྱུས་མེད་མི་ཡི་ལུང་པར་སླེབ། །དོན་མེད་མི་ལ་བློ་གཏད་འཆོལ། །གློ་སྙིང་བྲང་གསུམ་རེ་ལྟོས་བྱས། །ཉེ་བའི་མིག་གིས་ཡང་ཡང་ལྟས། །ཞིམ་པའི་ཟས་ནི་ཡོད་ཚད་བྱིན། །གང་ཟེར་ཁ་ལ་མ་ཉན་མེད། །དཀའ་བའི་ལས་རྣམས་བྱས་གྱུར་ན། །ཅུང་ཟད་ཉེས་པའི་དུས་བྱུང་ན། །གདུག་སེམས་ཁྲོས་པའི་བཞིན་བལྟས་ཏེ། །ཁ་ནས་མི་སྙན་སྣ་ཚོགས་སྨྲ། །དགྲ་ཡི་བཞིན་ལྡན་བཟའ་གྲོགས་འདི། །ཇི་ལྟར་བསྟེན་ཀྱང་སྙིང་པོ་མེད། །སྙིང་མེད་སྐྱེ་དམན་རྣམས་ལ་གཟིགས། །ནང་པར་ལྡང་བའི་སྔ་ཤོས་བྱེད། །ནུབ་མོ་ཉལ་བའི་ཕྱི་ཤོས་བྱེད། །དཀའ་བའི་ལས་རྣམས་དང་དུ་ལེན། །ཚ་གྲང་སྡུག་བསྔལ་ཁྱད་དུ་བསད། །རྐང་ལག་བྱ་ཡི་སྡེར་ལྟར་འགྲོ། །ཇི་ལྟར་བྱས་ཀྱང་སྙིང་པོ་མེད། །སྙིང་མེད་སྐྱེ་དམན་རྣམས་ལ་གཟིགས། །རྒྱུག་མོ་དཔོན་མོའི་