R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༥༩
[A:༥༩]ངོས་འཛིན་དང༌། །འཁོར་མང་མང་པོ་སྲོལ་སྐྱོང་དང༌། །ཁྱིམ་མཚེས་གཉེན་གྱི་ཁ་སྲོང་འདི། །ཞུམ་པ་མེད་པར་བྱས་གྱུར་ཀྱང༌། །མགུ་བ་མེད་ལ་འཁང་པ་མང༌། །སྙིང་མེད་སྐྱེ་དམན་རྣམས་ལ་གཟིགས། །རང་ལས་སྐྱེས་པའི་བུ་ཚ་ཡང༌། །ལྟོགས་སྐོམ་བརྗེད་མེད་བསྐྱངས་ན་ཡང༌། །རང་མགོ་ཐོན་ནས་དྲིན་གཤགས་བྱེད། །སྙིང་མེད་སྐྱེ་དམན་རྣམས་ལ་གཟིགས། །གཞོན་པའི་དུས་སུ་གང་བྱས་དྲག །དྲང་པོར་སྐྱེས་པའི་ལུས་ནི་སྒུར། །ལོ་ཟླ་མང་པོའི་དམག་གིས་བདས། །ཤ་ཁྲག་ཟད་པའི་གཉེར་མས་གང༌། །སྐྲ་དཀར་ལྕགས་ཀྱུས་མགོ་བོ་བཏབ། །དབང་པོ་དངས་མ་མིག་ཀྱང་འགྲིབས། །བྱ་ལ་འཇབ་པའི་འགྲོ་ལུགས་དང༌། །བརྟོད་ཕུར་འདོན་པའི་ལྡང་ལུགས་སོགས། །རྒས་པའི་ལུས་འདི་འཁོས་མེད་ལ། །ཚ་ཡུག་མང་པོའི་གཉེར་པ་དང༌། །མི་ཡོང་ལས་ཁའི་བཅོལ་གཏད་རྣམས། །ལུས་ཀྱིས་གང་དགོས་བྱས་གྱུར་ཀྱང༌། །དགའ་བ་མེད་ཁར་གཏམ་ལབ་འཛེད། །སྙིང་མེད་སྐྱེ་དམན་རྣམས་ལ་གཟིགས། །ཨེ་མ་སྙིང་མེད་འགྲོ་བ་རྣམས། །དེ་འདྲའི་ཚེ་རིང་ཐུབ་གྱུར་ཀྱང༌། །འདི་ཕྱི་གཉིས་ཀ་མེད་པ་ཡིས། །ངན་སོང་གསོག་པའི་རྒྱུ་རུ་ཟད། །གཞན་ནི་ནམ་འཆི་ཆ་མེད་དེ། །འཆི་བ་ཉི་རྒས་གྲིབ་སོ་འདྲ། །ཕར་ཕར་བྲོས་ཀྱང་ཚུར་ཚུར་སླེབ། །སྐྱེས་བུའི་ཚེ་སྲོག་རི་གཟར་གྱི། །འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ན་ནིང་ཡོད་པ་ད་ལོ་མེད། །ཁ་སང་ཡོད་པ་ད་ནང་མེད། །ད་ནང་ཡོད་པ་ད་ལྟ་མེད། །ཤི་ནས་གར་སྐྱེ་རང་དབང་མེད། །ངན་སོང་སྡུག་བསྔལ་ཐར་དུས་མེད། །ལྷ་རུ་སྐྱེས་ཀྱང་སྡུག་བསྔལ་ནི། །དམྱལ་བ་ལས་ཀྱང་སེམས་སྡུག་ཆེ། །མི་རུ་སྐྱེས་ཀྱང་གསོག་འཇོག་དང༌། །ཡོད་པ་ཟད་