[A:༦༠]ཀྱིས་དོགས་པ་དང༌། །མེད་པ་བཙལ་གྱིས་མི་ལང་བ། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ། །ཐར་དུས་མི་འདུག་ཨ་ཙ་མ། །ཐུགས་རྗེས་གཟིགས་ཤིག་དཀོན་ཅོག་གསུམ། །སྙིང་ནས་འདུད་དོ་རྣལ་འབྱོར་པ། །ཞེས་ལེན་གྱི་འདུག་པ་ལ་ལན་སྨྲ་དགོས་དགོངས་པ་ལ་འཇའ་ཡལ་བ་ལྟར་སོང༌། བསམ་བློ་ཞིག་བཏང་བས་སྙིང་ལ་བབ་པའི་ཆོས་ཀྱི་བསྐུལ་བར་འདུག་བསམ་ཡི་གེར་བྲིས་པའོ། །ཡང་རང་གི་ཆོས་ཐོབ་པའི་བླ་མ་རྣམས་ལ་སྐྱེ་བོ་གཞན་དག་གིས་ཁྲོད་ནས་འགའ་ཞིག་ལ་གནས་ཚུལ་ལ་བརྙས་པའི་སྐུར་པ་ཅུང་ཟད་འདེབས་པ་ནའང་བཤད་སྦྱང་གི་སྒོ་ནས་ཟློག་པའམ། དེ་ལྟ་བུ་མ་བདེ་ན་ཐུགས་དམ་གྱི་ངང་དུ་བཞག་ནས་འཛིན་པ་གཏན་མ་བྱུང་བ་མཛད། ཕྱག་ཏུ་དངོས་པོ་དྲག་པའི་རིགས་གང་བྱུང་ཡང༌། ཐོག་མར་རིན་པོ་ཆེ་ཀུན་མཁྱེན་ལ་འབུལ། དེར་རྗེས་རིན་པོ་ཆེ་ཚར་ཆེན་ལ་འབུལ། བླ་མ་བརྒྱུད་པ་མ་ཆད་ཅིང༌། དབང་བསྐུར་རྗེས་གནང་ལེགས་པར་ཐོབ། བསྙེན་སྒྲུབ་དྲག་སྔགས་ཀྱང་ཐེམས་པར་བཟླས་རྟགས་ཀྱང་ཐོབ། མན་ངག་ཀྱང་བླ་མ་དམ་པའི་ཐུགས་ཟིན་པ་ཤེས། ཞི་རྒྱས་དབང་དྲག་གང་བསྒྲུབས་ཀྱང་ལས་སླ་བསམ་པ་ལ། ཡོངས་འཛིན་དམ་པས་མ་ཟིན་པ་རྣམས། རྗེས་གནང་མིང་གཏགས་པའི་ཚིག་དོན་ཆོ་ག་ལག་ལེན་ཀྱང་ཐད་ལ་མེད། བསྙེན་སྒྲུབ་ཚུལ་བཞིན་ལྟ་ཅི་སྨོས། སྔགས་ཀྱང་ཐད་དུ་མི་ཤེས་པ་རྣམས་དང་ཡང་སྔགས་དང་ཤའི་རི་བོ་ཙམ། ལང་ལོང་མང་པོ་བཅོས་ནས་རྔ་དུང་རོལ་མོ་དྲག་པོ་སྒྲོག །སེམས་མི་དྲན་དགུ་དྲན་སྣ་ཚོགས་བྱེད། བྱ་ཁྱི་རྣམས་ལ་ཕན་པ་ཙམ་མ་གཏོགས་གཞན་གང་ལའང་མི་ཕན་པ་འདུག་པས་སྣང་བ་སྐྱོ། འདི་འདྲའི་སྔགས་པས་ཅི་ལ་ཕན། །མདོ་རྒྱུད་སངས་རྒྱས་བཀའ་དང་མཐུན། །རྒྱ་བོད་མཁས་པའི་གཞུང་ལུགས་དེ།