R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༦༤
[A:༦༤]གོང་མས་བྱིན་གྱིས་བརླབས། །ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་མེད། །མཚན་མོ་དགྲ་ཡི་གཙེར་བས་དབེན། །ཆུ་ཤིང་མཐུན་རྐྱེན་འཛོམ་པའི་ས། །ཐག་རིང་བས་མཐའི་སྨན་ལྗོངས་ངོས། །ནགས་ཚལ་འཐུག་པོས་ར་བར་བྲེས། །ལྗོན་ཤིང་རྒྱས་པའི་སྨིན་ལེགས་མ། །སྔོ་ལྗང་འདབ་མའི་གོས་ཀྱིས་ཀླུབས། །མེ་ཏོག་རྒྱས་པའི་འཛུམ་དཀར་རྒོད། །འབྲུ་ཡི་དགའ་སྟོན་ཅི་ཡང་འགྱེད། །ཀུ་མུད་བཞད་པའི་དོ་ར་ན། །སྦྲང་རྩིའི་རོ་མངར་མྱངས་པ་ཡིས། །དྲི་ཟའི་རྒྱུད་མངས་དང་མཚུངས་པའི། །གླུ་དབྱངས་སྒྲིང་སྒྲིང་འཚེར་བ་ཡིས། །རྣ་དབང་ཚིམ་པའི་རྐང་དྲུག་ལྡིང༌། །སྤུ་སྡུག་གོས་གྱོན་ཤུག་སྒྲ་ཅན། །འཇོལ་སྒེག་རྨ་བྱ་ཙ་ཀོ་ར། །ནགས་ཀྱི་མཛེས་མའི་ཚོགས་རྣམས་ཀུན། །ཕན་ཚུན་འཕུར་ལྡིང་གཡོ་ཞིང་རྩེ། །ལྷ་བྱ་གོང་མོ་སྐད་སྙན་བསྒྱུར། །ཆུ་ཤེལ་འབབ་འདྲའི་ཆུ་བོའི་རྒྱུན། །ལྷུང་ལྷུང་སྙན་སྒྲོག་དལ་གྱིས་འབབ། །ཁོར་ཡུག་གངས་རིའི་ར་བས་བསྐོར། །སྟེང་ཕྱོགས་བཻཌཱུར་སྔོན་པོའི་ལམ། །ཆུ་འཛིན་དཀར་པོའི་བ་དན་བརྐྱངས། །ན་བུན་གསར་པའི་ཅོད་པན་འཁྲིགས། །ས་གཞི་མར་གད་བྱུགས་པ་འདྲ། །དེ་འདྲའི་སྔོ་ལྗང་གསར་པའི་སེབ། །ཨུཏྤལ་མིག་ཅན་རི་དྭགས་རྣམས། །བག་ཕེགས་དལ་རྒྱུ་དགའ་བས་རྩེ། །བྱ་ཡིས་རྣལ་འབྱོར་གཉིད་ལས་སློང༌། །ནགས་ཀྱི་གར་མཁན་རྩེད་འཇོ་ཡིས། །རྣལ་འབྱོར་སྐྱོ་བ་སངས་པར་བྱེད། །ཨེ་མ་དེ་འདྲའི་གནས་མཆོག་ཏུ། །རང་བྱུང་བྲག་ཕུག་བཟང་པོའམ། །ཡིད་འོངས་རྡོ་ལེབ་བརྩིགས་པའི་ཁང༌། །ལྗོན་ཤིང་དྲ་བའི་བསིལ་གྲིབ་ལ། །འཇམ་འབོལ་སྒྲུབ་སླའི་རྩྭ་ཡི་གདན། །དེ་སྟེང་རྣམ་སྣང་འཁོར་ལོ་ཡིས། །འདུག་སྟངས་རྡོ་རྗེའི་ལུས་འདི་ནི། །གཡོ་མེད་དྲང་པོར་རབ་བཅིངས་ནས། །ངག་འཁྱལ་ཅ་ཅོ་