R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༦༦
[A:༦༦]གུ་ཁྱུང། །དམ་པ་རྒྱ་གར་བཀྲ་ཤིས་ཤོག །བཀྲ་ཤིས་མི་འགྱུར་བརྟན་པར་ཤོག །ཡི་དམ་བཟང་པོའི་བཀྲ་ཤིས་ཤོག །ཀྱེ་རྡོར་བདེ་མཆོག་བཀྲ་ཤིས་ཤོག །ཆོས་སྐྱོང་བཟང་པོའི་བཀྲ་ཤིས་ཤོག །མ་ཧཱ་ཀཱ་ལ་རྣམ་བཞི་དང༌། །རྣམ་ཐོས་སྲས་ཀྱི་བཀྲ་ཤིས་ཤོག །ཅེས་པ་འདི་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་བཞུགས་པའི་གནས་སྙེ་ཐང་ཆོས་རྫོང་གི་གཟིམས་ཆུང་དུ་མགུར་དུ་བླངས་པ། དབེན་པ་ལ་དགའ་བའི་གཏམ། སྙིང་གི་སྐྱོ་བ་བསངས་པ་ཞེས་བྱ་བའོ།། །། ༈ རང་ལ་ལྕག་འདེབས་སུ་ཉན་པའི་ཆེན་ཁང་པར་སྦྱར་བ། རྗེ་སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང༌། །ཕ་སྤྲུལ་པའི་རྒྱལ་པོ་ཚར་པ་རྗེ། །ཡིད་ཟོལ་ཟོག་མེད་པའི་དད་སེམས་ཀྱིས། །བུ་སྙིང་ནས་འདུད་དོ་ཐུགས་རྗེས་སྐྱོངས། །སྔར་ཕན་ཆད་འཁོར་བ་འདིར་འཁྱམས་ཏེ། །ལུས་ངན་གྱི་གཟུགས་ཕུང་གྲངས་མེད་བླངས། །སྡུག་བསྔལ་ལ་མ་མྱོང་མེད་པ་འདི། །སེམས་ཉིད་ཐ་མལ་གྱི་རྣམ་རྟོག་ཁོ། །རྒྱ་འབྱམས་སུ་སོང་བས་ལན་པ་ཡིན། །ད་དུང་གཏན་འཁྱམས་བྱེད་འདོད་ན། །གདམས་ངག་ལ་ཞུས་ལོ་ཐོབ་ལོ་དང༌། །དགེ་སྦྱོར་ལ་བྱས་སོའི་ཁྲལ་འདིས་ཆོག །ཨ་ཙ་མ་སྙིང་གི་རུལ་བ་ལ། །འཇིག་རྟེན་གྱི་སྣང་ཚུལ་འདི་མཐོང་བ་ན། །གང་ལ་བལྟས་ཀྱང་སྐྱོ་བ་རང་སྐྱེས། །གང་ལ་བསམས་ཀྱང་སྡུག་བསྔལ་རང་གི་རྒྱུ། །ད་མི་ཁྱོད་ལ་སྙིང་གཅིག་ཡོད་པ་ཡིས། །སྙིང་དག་པས་སངས་རྒྱས་ཐོབ་འདོད་ན། །སྙིང་ཁོང་དཀྱིལ་ནས་དཀོན་མཆོག་ལ། །བློ་དང་འགྲེ་ངེས་ཀྱི་སྐྱབས་འགྲོ་དང༌། །མཁའ་མཉམ་སེམས་ཅན་སྙིང་བཅུག་པའི། །སྨོན་འཇུག་གི་སེམས་བསྐྱེད་ལེགས་པར་གྱིས། །སྐྱབས་གནས་ཀུན་འདུས་པའི་བླ་མ་དེ། །མངོན་སུམ་ལྟ་བུར་གསལ་བཏབ་སྟེ། །བདག་ཏུ་བཟུང་བའི་དངོས་པོ་ནས། །ལུས་