R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༦༧
[A:༦༧]ཀྱི་བར་གྱི་ཞེན་ཆགས་རྣམས། །ལྟོས་པ་མེད་པར་ལིངས་ཀྱིས་ཕུལ། །བདག་གིར་མཛད་དེ་མཉེས་པར་བསམ། །སྣང་བ་འདི་རང་སེམས་ཡིན་པའི་ཕྱིར། །དོན་ལའང་དེ་ག་ཡིན་ལགས་མོད། །ཕ་རྡོ་རྗེ་འཆང་ཆེན་བླ་མ་ལ། །སླར་ཡང་ཁྲལ་འཇལ་མ་ཡིན་པའི། །གསོལ་བ་སྙིང་གི་དཀྱིལ་ནས་བཏབ། །དོན་གྱི་དབང་བཞི་ལེགས་པར་ཞུས། །སོ་སོའི་སྐབས་སུ་ངེས་ཤེས་བསྐྱེད། །ཆོས་རྣམས་རང་གི་སེམས་ཉིད་ཡིན། །དེ་ཉིད་གསལ་སྟོང་ཟུང་འཇུག་དང༌། །བརྗོད་བྲལ་ཕྱག་རྒྱ་ཆེན་པོར་བཅད། །དེ་ལྟར་ཐུན་བཞིའི་སྒོ་ནས་ནི། །མ་ཡེངས་ཉམས་སུ་བླངས་བྱས་ནས། །མི་ལུས་ཐོབ་པ་དོན་ཅན་འགྱུར། །དྲིན་ཅན་ཕ་མའི་དྲིན་ཀྱང་འཁོར། །མཚན་ལྡན་བླ་མའི་དགོངས་པ་རྫོགས། །དོན་འདི་རྩེ་གཅིག་ཉམས་སུ་ལེན་པར་ཤོག །རྩེ་གཅིག་ཏུ་ཉམས་སུ་ལེན་པའི་དུས། །ཕྱི་ནང་གི་བར་ཆད་བྱུང་བ་ན། །དཔལ་མགོན་པོ་རྣམ་གཉིས་ལ་སོགས་པའི། །མཁའ་འགྲོ་ཆོས་སྐྱོང་གིས་བར་ཆད་སྲུངས། །དམར་པོ་སྐོར་གསུམ་ལ་སོགས་པའི། །ནོར་ལྷ་རྣམས་ཀྱིས་མཐུན་རྐྱེན་སྒྲུབས། །སློབ་བཤད་སྙན་བརྒྱུད་ཀྱི་བསྟན་པ་འདི། །གངས་ཅན་གྱི་ལྗོངས་ཀུན་ཁྱབ་པར་ཤོག །འགྲོ་ཀུན་རྣམས་སྨིན་གྲོལ་བྱེད་པར་ཤོག །ཅེས་པ་འདི་ཉིད་ཆུང་ཆུང་ནས་ཡུན་རིངས་འགྲོགས་ཤིང་རང་འདོད་སྐྱོ་ངལ་མེད་པའི་བུ། དབོན་པོ་བློ་གསལ་ཚེ་དབང་སྲད་ཕྱོགས་ལ་ཞག་འགའ་སོང་བས་ཅུང་ཟད་སྐྱོ་བའི་སྣང་བ་ཤར་བས་རྐྱེན་བྱས། །ད་ནམ་འཆི་ཆ་མེད། ཤི་བའི་ཚེ་ཆོས་མིན་པ་ནོར་ལོངས་སྤྱོད་དབོན་པོ་དང་གྲོགས་པོ་བློ་ལ་གཅགས་པའི་གཡོག །ཕ་མ་བཟའ་གྲོགས་གང་གིས་ཀྱང་མི་ཕན། རང་ལ་ནོར་སྣ་གཅིག །གཉེན་མི་གཅིག་དང་འགྲོགས་དབང་