R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༦༨
[A:༦༨]འཁྱེར་དབང་མེད་པ་རང་ཉིད་གཅིག་པུ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར་འགྲོ་དགོས། དེ་ཙམ་ཡིན་ནའང་དྲག་སྟེ། ངན་སོང་གསུམ་གྱི་སྡུག་བསྔལ་ཡུན་རིང་ལ་དོས་དྲག་པ་མྱོང་ན་བཅུག་བྱེད། ད་ལྟ་ཅུང་ཟད་ལུས་ལ་ན་ཚ་ངོས་དྲག་པ་ཙམ་བྱུང་བའི་རྐྱེན་མི་ཐེག་ན། དམྱལ་བ་ཁ་འཐོར་བའི་སྡུག་བསྔལ་ཙམ་ལ་ཡང༌། མི་གཅིག་གི་ལུས་ལ་མི་ལྔ་བརྒྱས་མདུད་ཐུང་ལྔ་བརྒྱ་དྲག་ཏུ་བཏབ་པའི་སྡུག་བསྔལ་གྱི་ཆར་ཡང་མི་ཕོད་པར་མདོ་རྒྱུད་ལས་གསུངས་འདུག་ན། ཆོས་རྣམ་པར་དག་པ་མི་བྱེད་པའི་དོན་མི་འདུག་བསམས་རང་ལ་ལྕག་འདེབས་སུ་དཔལ་ལྡན་བླ་མ་དམ་པ་སོགས་དམ་པ་མང་པོས་ཞབས་ཀྱིས་བཅགས་པའི་གནས་ཉན་དུ་རང་གི་བསམ་གཏན་ཁང་པར་བླངས་པའོ། །ཡང་སྒོ་ཡབ་ཀྱི་གདན་ས་མཛད་པའི་དུས་ཤིག །ད་སྒོ་ཡབ་ཀྱང་བཞག་གོང་གི་གནས་དེ་ལྟ་བུར་ཐུགས་དམ་བྱེད་དགོས་བསམ་པ་ལ། ཚེས་བཅུའི་ཐོ་རངས་རིན་པོ་ཆེ་ཚར་ཆེན་དང་མཇལ། སྤྱན་ནན་ཆེ་བ་ཞིག་གཟིགས་ནས། ངེད་རང་ལ་སློབ་མ་ཨ་རེ་མང་ཡོད་ཀྱང༌། ཆོས་རྗེའི་དྲུང་གིས་དམ་ཚིག་དང་སྡོམ་པ་ལ་གནས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པས། བླ་མ་དང་བསྟན་པ་ལ་བསམས་བརྩོན་འགྲུས་དྲག་པོས་སྐྱོ་ངལ་སྤངས་ནས་གཞན་དོན་བྱེད་དགོས་པ་ཡིན། ད་ལྟ་བཤད་སྒྲུབ་ཀྱི་བསྟན་པའི་རྗེས་སུ་འཇུག་པ་ཡོད་ཙམ་གྱི་དུས་འདིར་འཆད་ཉན་ཐོས་བསམ་བྱས་ན་ཕན་ཡོན་གཞན་ལས་ཆེ་བ་ཡིན། གཞན་དོན་མི་ཡོང་བ་ཞིག་ཡིན་ན་སྒྲུབ་པ་ཁོ་ན་བྱེད་པ་ཁེ་མོད། དེ་འདྲ་ནི་མ་ཡིན། ཡང་འདི་ཡིན་གྱི་མཛུབ་མོ་འཛུགས་རྒྱུ་མེད་པའི་དཔེ་ཉོག་མང་པོ་བལྟས་པའི་འཆད་ཉན་ལ་སྙིང་པོ་ཅི་ཡང་མེད། བླ་མ་གོང་མ་ཚད་ལྡན་གྱི་དགོངས་པ་དང་མཐུན་