[A:༦༩]ཞིང༌། རང་གི་བླ་མ་ཚད་ལྡན་གྱི་ཞལ་ནས་བརྒྱུད་པའི་ཆོས་ཐོས་བསམ་སྒོམ་གསུམ་གྱི་སྒྲོ་འདོགས་བཅད་པའི་ངེས་ངེས་དེས་རང་གཞན་ལ་ཕན་ཐོགས་པ་ཡིན། ཞེས་གསུང་གི་འདུག་པས་དེ་འཕྲལ་བྲིས་པ་ཡིན། ཡང་སྐབས་ཤིག་དཔོན་སློབ་ལ་གསོལ་ཇ་དཀོན་པ་ཞིག་བྱུང་བ་ལ། རྗེ་བཙུན་རིགས་བྱེད་མ་སྐུ་མདོག་ཅུང་ཟད་སྨུག་མདངས་ཡོད་ཙམ་གྱི་རྣམ་པར་བྱུང་སྟེ་ཇ་ཁུག་ལ་གཟིགས་པ་ཞིག་བྱས་ཡལ་སོང༌། ཇ་ཁུག་གི་ཇ་དེ་ནས་རེ་ཞིག་གི་བར་ལ་ག་ཙམ་སྤྱད་ཀྱང་མ་ཟད། དེ་ནས་བཟུང་སྟེ་ཇ་འབོལ་བའི་ངང་ལ་སོང༌། འདོད་པའི་ལོངས་སྤྱོད་ལན་ཚྭའི་ཆུར་གཟིགས་ཀྱང༌། །ཚོགས་གཉིས་རྫོགས་པའི་འབྲས་བུ་མི་བསླུ་བས། །རྗེ་བཙུན་བླ་མ་རྡོ་རྗེ་འཆང་དངོས་ལ། །འདོད་པའི་ལོངས་སྤྱོད་རྗེ་བཙུན་དབང་མོས་བསྒྲུབས། །གསང་ཆེན་བདག་པོར་དབང་བསྐུར་སླད། །ཌཱ་ཀིའི་ལག་སོར་པདྨོའི་རྩེར། །ཟག་མེད་སྦྲང་རྩིའི་མཆོད་ཡོན་གྱིས། །ཁྱོད་ཐུགས་བུང་བ་མྱོས་པར་བྱས། །དེ་ལ་དབུགས་འབྱིན་རིགས་བྱེད་དགའ་མའང༌། །དངོས་གྲུབ་མཚན་མ་སྟེར་བའི་འཛུམ་ཞལ་ནི། །སྙིང་གི་པདྨོ་གཡོ་བའི་ནགས་ཀླུང་ལྟར། །ཡིད་ཀྱི་བརྟན་པ་འཕྲོག་པའི་ལང་ཚོར་སྤྲུལ། །ཡང་རྗེ་འདི་ཉིད་དཔོན་སློབ་རགས་བསྡུས་པ་ཞིག་ཆོས་གྲྭ་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས། ལྷ་ཁང་རྣམས་ཞིབ་པར་མཇལ། བརྟན་བཞུགས་དང༌། བསྟན་པ་དར་ཞིང་རྒྱས་པ་དང༌། སེམས་ཅན་རྣམས་བདེ་ཞིང་སྐྱིད་པ་དང༌། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྨོན་ལམ་རྒྱ་ཆེན་པོ་མཛད་པ་དང༌། པུ་ཏྲ་ལ་སྒེར་གྱི་རྗེ་བཙུན་གོང་མ་རྣམས་ཀྱིས་ཇི་ལྟར་བཀའ་བསྒོས་པ་བཞིན་ཞེས་ཆེད་དུ་མཛད་པས། སྙན་དར་ཁ་གང་འཛགས་