R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A):
[A:༧]དང༌། རང་སངས་རྒྱས་དང༌། འཕགས་པ་ཉན་ཐོས་དང༌། ལྷ་དང༌། ལྷ་མ་ཡིན་དང༌། ལྟོ་འཕྱེ་ལ་སོགས་པའི་དབང་པོ་དང༌། རྒྱལ་པོ་དང༌། བློན་པོ་དང༌། ཁྱིམ་བདག་དང༌། བྲམ་ཟེ་དང༌། ཀུན་ཏུ་རྒྱུ་དང༌། ཁྱབ་འཇུག་དང༌། དབང་ཕྱུག་དང༌། ཚངས་པ་དང༌། ཉི་མ་དང༌། ཟླ་བ་དང༌། མུ་སྟེགས་ཅན་གྱི་སྟོན་པ་དང༌། སེང་གེ་དང༌། མཁའ་ལྡིང་དང༌། གླང་པོ་ཆེ་དང༌། སྤྲེའུ་ལ་སོགས་པ་དང༌། གཟིངས་དང༌། ཟམ་པ་དང༌། མཚོ་དང༌། རྫིང་བུ་དང༌། མཆོད་པ་དང༌། གཙུག་ལག་ཁང་དང༌། སྐྱེད་མོས་ཚལ་དང༌། སྨན་དང༌། བདུད་རྩིའི་ཟས་དང༌། སྐོམ་དང༌། གོས་དང༌། རིན་པོ་ཆེ་དང༌། ལྗོན་ཤིང་དང༌། བུམ་པ་བཟང་པོ་དང༌། དཔག་བསམ་གྱི་ཤིང་ལ་སོགས་པ་གང་ལ་གང་འདུལ་གྱིས་འདུལ་བའི་སྐུའི་རྣམ་པ་མཐའ་ཡས་པ་དག་གིས་ཞིང་མཐའ་ཡས་པ་དག་ཏུ་སེམས་ཅན་གྱི་དོན་མཛད་པ་ནི་བསམ་གྱིས་མི་ཁྱབ་པ་ལས། ཀུན་མཁྱེན་ཐུབ་པའི་དབང་པོའི་བསྟན་པའི་རྒྱལ་སྲིད་ལ་མངའ་མཛད་ནས། བཤད་སྒྲུབ་གཉིས་ཀྱི་མཛད་པས་ལུང་རྟོགས་ཀྱི་རྒྱལ་ས་མཛེས་པར་བྱེད་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ། ཉོན་མོངས་ནད་ཀྱིས་གཟིར་བའི་འཁོར་བ་པ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་ཟུག་རྔུ་གཏན་ནས་འབྱིན་པར་བྱེད་པའི་སྨན་པའི་རྒྱལ་པོ། སྲིད་པའི་མཚོ་ལས་བསྒྲལ་ཏེ་མྱ་ངན་ལས་འདས་པའི་གླིང་དུ་བདེ་བླག་ཏུ་འཁྲིད་པར་བྱེད་པའི་དེད་དཔོན་ཆེན་པོ། བདག་དང་བདག་གིར་འཛིན་པའི་ལིང་ཏོག་གིས་བློ་གྲོས་ཀྱི་མིག་ལོང་བའི་ཕྱིན་ཅི་ལོག་གི་གཡང་སར་གོམ་སྟབས་འཆོས་པ་རྣམས་ཡང་དག་ལམ་ལ་བཀྲི་བར་མཛད་དེ། རྣམ་པ་དང་མཆོག་གི་གྲོང་ཁྱེར་ཆེན་པོར་འཁྲིད་པར་བྱེད་པའི་ས་མཁན་ཆེན་པོ། ཆོས་