R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A):
[A:༨]ཀྱི་འབྱོར་པས་འཕོངས་པའི་འགྲོ་བ་རྣམས་ལ་ཆོས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་སྦྱིན་པར་བྱེད་པའི་ཆོས་ཀྱི་སྦྱིན་བདག་ཆེན་པོ། མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་མངའ་བདག་ཏུ་གྱུར་ཏེ། མཁས་གྲུབ་ཀུན་གྱིས་བསྟེན་པའི་གནས་སུ་གྱུར་པ། རྒྱ་བོད་གསུང་རབ་མཐའ་དག་གི་གླེགས་བམ། མདོར་ན་དགེ་ལེགས་མཐའ་དག་བསྐྲུན་པར་མཛད་པའི་བདག་ཉིད། རྗེ་བཙུན་བླ་མ་དམ་པ་འདིའི་རྣམ་པར་ཐར་པ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པས་ཇི་ལྟ་བ་བཞིན་སུ་ཞིག་གིས་བརྗོད་པར་ནུས། འོན་ཀྱང་གདུལ་བྱ་ཐ་མལ་པ་རྣམས་ལ་ཇི་ལྟར་སྣང་བའི་ཚུལ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་སྣང་བ་སྩོལ་ཞིག །དེ་ཡང་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཕན་བདེའི་འཕྲིན་ལས་བཤེས་གཉེན་དམ་པར་སྤྲུལ་སྐུའི་ཚུལ་བསྟན་པ། རྗེ་བཙུན་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་འདི་ལ་དོན་བདུན་ཏེ། འགྲོ་བ་ལྷ་མི་རྣམས་ཀྱི་བཀུར་གནས་སུ་འོས་པའི་སླད་དུ་ཆོ་རིགས་དང་ལྡན་པ་སྐུ་འཁྲུངས་པའི་ཚུལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་གཟིགས་ནས་མི་རྟག་པས་ཐུགས་རྒྱུད་བསྐུལ་ཏེ་དམ་པའི་ཆོས་སྒོར་ཞུགས་ནས་བསྟན་པའི་རྩ་བ་ཚུལ་ཁྲིམས་ཇི་ལྟར་ནོས་པའི་ཚུལ། ཡོངས་འཛིན་དམ་པ་རྣམས་དང་མཐུན་པར་དགེ་བའི་བཤེས་གཉེན་བསྟེན་ཏེ་ཐོས་བསམ་གྱི་སྒྲོ་འདོགས་བཅད་པའི་ཚུལ། ཐོས་བསམ་གྱི་སྒྲོ་འདོགས་བཅད་པའི་དོན་རྣམས་རྩེ་གཅིག་ཏུ་ཉམས་སུ་བཞེས་པས་ཐུགས་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཁྲུངས་ཏེ་སྙིང་པོའི་དོན་བླངས་པའི་ཚུལ། རང་སྨིན་ནས་གཞན་སྐལ་ལྡན་གྱི་གདུལ་བྱ་རྗེས་སུ་གཟུང་བའི་ཚུལ། རྟག་འཛིན་བཟློག་ནས་འཕྲད་པར་དཀའ་