[A:༡༣༥]རྣམ་རྒྱལ་གྱི་རིང་ལུགས་འཛིན་པ་འཆི་མེད་འོད་ཟེར་གྱི་སྐུ་སྐྱེ་སྤྲུལ་སྐུ་འཆི་མེད་འོད་ཟེར། ཕན་ཚུན་བཀའ་དྲིན་ནོས་པའི་དམ་པ་བརྒྱད་ནི། ཚར་ཆེན་རྡོ་རྗེ་འཆང་གི་གདན་ས་བཞི་པ་འབྲུའི་སྔགས་འཆང་མཐུ་སྟོབས་ནུས་པའི་མངའ་བདག་རྡོ་རྗེ་འཆང་བསོད་ནམས་ལྷུན་གྲུབ་ཆོས་འཕེལ། མཁས་པའི་དབང་པོ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། མཁས་བཙུན་དམ་པ་བསོད་ནམས་ཚུལ་ཁྲིམས། མཉན་ཡོད་བྱ་གཤོང་གི་གདན་ས་པ་འཇམ་དབྱངས་སངས་རྒྱས་རྒྱལ་མཚན། གྲུབ་པའི་འཁོར་ལོས་སྒྱུར་བ་སྟོབས་ལྡན་འོད་ཟེར། བཤེས་གཉེན་དམ་པ་རིག་པའི་གཏེར་མཛོད། སྐུ་འབུམ་པ་སྔགས་འཆང་ངག་གི་དབང་པོ། རོག་ཙོ་བྱང་པ་མཁས་པའི་དབང་ཕྱུག་ལ་སོགས་ཏེ་དམ་པ་དེ་དག་ལ་མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་མཛད་པའི་མཐུས། དེ་དག་ལ་མངའ་བའི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དང་འབྲེལ་བའི་ཆོས་ཚུལ་བསམ་པའི་ར་བ་ལས་འདས་པ་ཞིག་གསན་ཞིང༌། གསན་པ་དེ་དག་ཀྱང་མིང་རྐྱང་དུ་མ་སོང་བའི་ཚིག་དང་དོན་གྱི་ཆ་ལ་སྒྲོ་འདོགས་ཐམས་ཅད་ཡོངས་སུ་ཆོད་པར་མཛད་ནས་དོན་རྩེ་གཅིག་ཏུ་ཉམས་སུ་བཞེས་པས་ཐུགས་རྒྱུད་ལ་སྤང་རྟོགས་ཡོན་ཏན་གཞལ་དུ་མེད་པ་མངའ་ཞིང༌། རྡོ་རྗེ་འཆང་ཚར་པ་ཡབ་སྲས་ཀྱི་དྲུང་དུ་བཀའ་ཆོས་གསན་པའི་སྐབས་མ་གཏོགས། ཕལ་ཆེར་དཔལ་སྦུག་རྣམ་པར་གྲོལ་བའི་དབེན་གནས་རམ་སྡིངས་མ། བོ་དོང་གི་དགོན་ཁྲ་བོ་སོགས་སུ་སྐུ་མཚམས་ཁོ་ན་མཛད་ཅིང་ཐུགས་དམ་བསྐྱེད་རྫོགས་སུ་མཛད་པའི་རིམ་པ་ཡང་མཐའ་དག་རྟོགས་པར་ག་