[A:༡༣༨]བཀའ་ལས། དྲུང་པ་འདིས་བསྟན་པ་ལ་ཕན་པ་འདུག་པས། སྒུག་དགོས་གསུང་བ་དང༌། རྗེ་བླ་མ་མཁྱེན་བརྩེའི་ཞབས་དཔལ་སྦུག་རི་ཁྲོད་དུ་གཞི་བསྙེན་གནང་སྐབས་མནལ་ལམ་གྱི་རྣམ་པར་དཔལ་སྦུག་གི་བཞུགས་ཁྲིའི་སྟེང་ན་ཕ་བླ་མ་ཚར་པ་རྗེ་བཞུགས། གསུང་ངག་བསྐྱར་ནས་གནང་རྒྱུ་ཡིན་ཟེར། ཞུ་མཁན་མང་པོ་ཚོགས་འདུག་པ་ལ་བསླབ་གསུམ་པ་གསལ་པོ་འདུག །གཞན་ངོ་ཤེས་པ་མི་འདུག་གསུང་བ་སོགས་དོན་ལ་ཚར་ཆེན་རྡོ་རྗེ་འཆང་གི་ཐུགས་ཀྱི་ཡང་སྙིང་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་གསུང་ངག་རིན་པོ་ཆེའི་སྲོག་ཤིང་དམ་པར་འགྱུར་བའི་མ་འོངས་པའི་ལུང་བསྟན་དུ་འདུག་ཅིང༌། གསུང་ལས་ཀྱང་ངེད་ཀྱི་སློབ་མ་སྡེ་སྣོད་དང་རྒྱུད་སྡེའི་དོན་སྨྲ་བ་སློབ་དཔོན་བསླབ་གསུམ་པ་ཞེས་ཐུགས་ཀྱི་སྲས་གཅིག་པུ་ལྟར་བུར་དགོངས་པ་མཛད་ཅིང༌། ཡབ་སྲས་དེ་གཉིས་ཀས་དོན་གྱི་རྒྱལ་ཚབ་ཏུ་དགོངས་པ་བསྟད་ཅིང༌། སྙན་བརྒྱུད་ཀྱི་མངའ་བདག་ཆེན་པོར་བཞུགས་པ་སོགས་ནས། བསྟན་པའི་སྦྱིན་བདག་གནས་གསར་བ་འ་ཞྭ་ནམ་མཁའ་ཕུན་ཚོགས་ཡུམ་སྲས་བཙུན་མོ་བློན་འབངས་དང་བཅས་པས། དད་པ་དང་གུས་པ་ཆེན་པོས་གསོལ་བ་བཏབ་པ་ལྟར་ཞལ་གྱིས་བཞེས་ནས། སྦྲུལ་གྱི་ལོ་ཟླ་བ་བཞི་པའི་ཡར་གྱི་དུས་ཚེས་བཟང་པོ་ལ། སྔོན་བཤེས་གཉེན་མུ་ཊ་ཆེན་པོས་བདག་གིར་མཛད་ཅིང༌། མཁས་གྲུབ་དམ་པ་དུ་མས་བྱིན་གྱིས་བརླབས་པའི་གནས་དཔལ་བོ་དོང་ཨེའི་ཆོས་གྲྭ་ཆེན་པོའི་གདན་སར་མངའ་གསོལ་ཏེ། དེ་ནས་བཟུང་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཇི་ལྟར་མཛད་པའི་ཚུལ་དང་མཐུན་པར་ཆོས་ཀྱི་