[A:༡༤༦]མཛད་པས། ཕལ་གྱིས་རྟོགས་པ་ཡང་དཀའ་ཞིང༌། རྟོགས་ཤིང་རིག་པར་གྱུར་པ་ཐམས་ཅད་བརྗོད་ཀྱང་སྐྱེ་བོ་ལོག་རྟོག་ཅན་དག་ཅི་ཟེར་དུ་ཟད་པས་རེ་ཞིག་དེ་ཙམ་མོ། །དེ་ནས་བྱི་ལོ་དུས་ཀྱི་ཟིང་ལོག་ཆེན་མོ་བྱུང་བའི་སྐབས་སུ་རྗེ་ཉིད་ཀྱང་རེ་ཞིག་ངོར་དུ་ཕེབས། དེ་ནས་ཞ་ལུར་ཕེབས་ནས་འཇམ་པའི་དབྱངས་བཀྲ་ཤིས་རྒྱལ་མཚན་ལ་གསུང་ཆོས་དུ་མ་ཞིག་ཀྱང་གསན་ཞིང༌། དེར་བཞུགས་ཀྱི་དད་ལྡན་འགའ་ཞིག་ལ་གསང་འདུས་རིམ་ལྔ་དང༌། ནཱ་རོ་མཁའ་སྤྱོད་ཀྱི་འཁྲིད་སོགས་རང་རང་གི་བློ་དང་མཐུན་པའི་ཆོས་ཀྱི་རྣམ་གྲངས་དུ་མ་ཞིག་གནང་བའི་སྐབས་སུ། གཏེར་སྟོན་རིགས་འཛིན་ཆེན་པོ་བྱང་གི་ཐེག་མཆོག་གླིང་དུ་བཞུགས་སྐབས་སྡེ་སྲིད་བཀྲ་ཤིས་སྟོབས་རྒྱས་པས་གསོལ་བ་བཏབ་ནས་རྫོགས་པ་ཆེན་པོ་དགོངས་པ་ཟང་ཐལ་གནང་བར་ཞལ་གྱིས་བཞེས་ནས། རྗེ་འདི་པ་གདན་འདྲེན་པའི་ཕོ་ཉ་ཛོ་ཀི་ཞིག་ལ་འཕྲལ་དུ་ཕེབས་དགོས་ཚུལ་གྱི་བཀའ་འཕྲིན་ཡིག་དང་བཅས་འབྱོར་བ་དང༌། དེ་མཐུན་རྗེ་ཉིད་ཀྱང་སྟོད་ཕྱོགས་སུ་ཕེབས་པར་བརྩམས་འཕྲལ་དུ་ཆིབས་ཁ་བསྒྱུར། ཡར་ལམ་འདར་གྲང་མོ་ཆེར་ཕེབས་ནས། ཚར་ཆེན་རྡོ་རྗེ་འཆང་གི་སྐུ་གདུང་རིན་པོ་ཆེ་མཇལ། ཕྱག་མཆོད་སྨོན་ལམ་རྒྱས་པར་མཛད་དེ་སྐབས་འདར་མཁན་པོ་རྗེ་དྲུང་ཆོས་དབང་རིན་ཆེན་དང༌། མཚུངས་མེད་བླ་མ་དམ་པ་ཀླུ་སྒྲུབ་རྒྱ་མཚོ་གཉིས་ཀྱི་བཀའ་ཆོས་དུ་མ་གསན་པའི་གསོལ་འདེབས་ཀྱང་མཛད། དེ་ནས་ཐེག་མཆོག་ཏུ་ཕེབས་ནས་གཏེར་སྟོན་ཆེན་པོ་ཉིད་ལ་རྫོགས་པ་ཆེན་པོ་ཟང་ཐལ་ཆ་ལག་ཡོངས་སུ་རྫོགས་པ་དང༌། གཞན་ཡང་ཟབ་ཆོས་དུ་མ་ཞིག་གསན་ནས་ཚུར་རིམ་གྱིས་ཕེབས་ཏེ་ཇོ་ནང་གི་གནས་མཇལ་ཀྱང་ཞིབ་