[A:༡༢༨]པའི་ཡུལ་ནི་འོ་ཡུག་ཅེས་པའི་སའི་སྨན་ལྗོངས། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་སྐྱེ་བ་བཅུ་དྲུག་གསལ་ལེར་དྲན་པ་ལ་སོགས་པ་ཡོན་ཏན་དུ་མ་མངའ་བའི་མཁས་གྲུབ་ཆེན་པོ་འབྱུང་གནས་རྡོ་རྗེས་འདེབས་པར་མཛད་པའི་རམ་སྡིངས་མར་གྲགས་པའི་དགོན་གནས་དང་ཁད་ཉེ་བའི་ས། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དབོན་སྟོན་སྐྱེར་སྒང་པས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་དངོས་སུ་མཇལ་ཞིང་དཔལ་རྟ་མགྲིན་གྱི་གྲུབ་པ་བརྙེས་པའི་རི་ཁྲོད་གནས་ལོག་ཅེས་པའི་མདུན་ངོས། རྒྱལ་རིགས་སུ་གྱུར་པའི་ལྷ་བཙན་པོའི་གདུང་བརྒྱུད་རྣམས་ཀྱིས་བདག་གིར་མཛད་པའི་རྫོང་གཞིས་འོ་ཡུག་གླིང་དཀར་ཞེས་བྱ་བའི་རྒྱལ་རིགས་དེ་པའི་སྒོ་སྲུང་དུ་གྱུར་པའི་ལས་གཉེར་སྒོ་དཔོན་པའི་རིགས་སུ་གྱུར་པའི་ཡབ་རྒྱ་ལྷ་ཞེས་པ་དང༌། ཡུམ་སྒྲོལ་མ་ཞེས་པའི་ཡབ་ཡུམ་མཚན་ལྡན་རིགས་བཟང་གི་སྐྱེས་བུ་དེ་གཉིས་ལ། སྲས་ལྕམ་སྲིང་གསུམ་བྱུང་བའི་གཅེན་པོ་བླ་མ་འདི་ཉིད་ཡིན་ཏེ། མི་ཟད་ཅེས་པ་མེ་ཕོ་ཁྱི་ལོའི་ཚེས་བཅུ་་ཞིག་ལ་སྐུ་བལྟམས། མཚན་འཚོ་རྒྱལ་ཞེས་གསོལ་ཞིང༌། བྱིས་པ་དེ་ཡང་སྔོན་གྱི་བག་ཆགས་བཟང་པོས་བརྟས་པའི་དབང་གིས་ཐུགས་རིག་དངས་ཤིང༌། ཐ་མལ་གྱི་སྤྱོད་པ་དང་བྲལ་བ། གཟིགས་སྣང་མང་པོས་དུས་འདའ་བ་ཞིག་ཡོད་ཅེས་ཐོས། དེ་ཉིད་ཆེར་གྱུར་པ་ན། སྡིངས་མ་མཁན་པོ་གྲུབ་པའི་དབང་ཕྱུག་དྲུང་པ་འགའ་ཚེ་བའི་ཞལ་སྔ་ནས་མཁན་སློབ་གྲངས་ཚང་བའི་དབུས་སུ་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ། མཚན་བསླབ་གསུམ་རྒྱལ་མཚན་དབང་པོ་ཞེས་པར་གསོལ། བསླབ་བྱའི་གནས་མཐའ་དག་ལ་ཉེས་ལྟུང་གི་དྲི་