[A:༢༩༢]ཕྱུག་སོགས་ལ་དཔལ་གུར་གྱི་མགོན་པོའི་དབང་རྣམས་ཡོངས་སུ་རྫོགས་པ་ཕུལ་རྗེས་ཅི་བདེར་གནས། དོན་བདུན་པ་ཡོས་བུ་ལ་ལུས་ངག་གི་ཚེ་འདིའི་སྤྱོད་པ་ཐམས་ཅད་རྒྱང་རིངས་སྤངས་ནས་ཅི་ནུས་སུ་བྱང་ཆུབ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ། དེ་སྐབས་རྣམ་དཔྱོད་ཀྱི་བློ་གྲོས་གཞལ་དུ་མེད་པ་སྟག་ན་ནས་ཆོས་ཀྱི་རྗེ་ཀུན་དགའ་བློ་གྲོས་བཟང་པོ་ལ་གཅིག་བརྒྱུད་དུ་གསུང་ངག་རིན་པོ་ཆེ་ཡོངས་རྫོགས་ཕུལ། མདོར་ན་དམིགས་པ་མེད་པའི་སེམས་ཅན་རྣམས་ཀྱི་དོན་དུ། བླ་མ་དང་ལྷག་པའི་ལྷ་ཚོགས་ལ་ཁོར་ཡུག་ཏུ་དལ་མེད་གསོལ་བ་འདེབས་པ་ལ་བརྩོན་པ་འདི་ལགས་སོ། །བཞི་པ་སྒོ་གསུམ་གྱི་ལས་དོན་ཡོད་པར་བྱ་བའི་ཕྱིར་རྟག་ཏུ་བསམ་གཏན་གྱི་ཁ་ཏོན་འཆག་མེད་བྱེད་ཚུལ་ལ། སྐྱབས་བསླུ་མེད་གཅིག་ཆོག་རྒྱལ་པོ་མཁྱེན་བརྩེའི་དབང་ཕྱུག་གི་མཚན་སྤེལ་ཡོད་པ་མཚན་བསྟོད་ཤློ་ཀ་གཉིས་བརྒྱ་རྩེ་ར། རྣམ་ཐར་བསྟོད་ཐུང་ཤློ་ཀ་བཅུ་གཅིག་ཡོད་པ་ཉེར་གཅིག་རེ། དྲན་པས་སྲིད་ཞིའི་རྒུད་པ་སེལ་བ་བློ་གསལ་རྒྱ་མཚོའི་མཚན་བསྟོད་ཤློ་ཀ་གཅིག་བརྒྱ་རྩ་རེ། ཀྱེ་རྡོ་རྗེའི་བསྐྱེད་རྫོགས་ཐུན་གཉིས་རྩ་སྔགས་བརྒྱ་ཕྲག་ལྔ་རེ་དང༌། ནཱ་རོ་མཁའ་སྤྱོད་ཀྱི་བསྐྱེད་རྫོགས་ཐུན་གཉིས་ཡི་གེ་སོ་གཉིས་སྟོང་ཕྲག་རེ། རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ཐུན་གཉིས་རྩ་སྔགས་བརྒྱ་ཕྲག་རེ་དང༌། སྙིང་པོ་ཉེ་སྙིང་སྟོང་ཕྲག་རེ། རྡོ་རྗེ་ནག་པོ་ཆེན་པོའི་བསྐྱེད་རྫོགས་ཐུན་གཉིས་བོད་པ་སྟོང་ཕྲག་རེ། རྦོད་རྦད་བསད་གསུམ་དྲིལ་བའི་ཤཱ་ས་ན་བརྒྱ་ཕྲག་རེ། བླ་མ་དྲག་པོ་དམར་པོ་དབུ་དགུ་པའི་བསྐྱེད་རྫོགས་ཐུན་གཉིས་དྲག་སྔགས་ཡིག་འབྲུ་ཞེ་བདུན་པ་ཁྲི་ཚོ་གཉིས་རེ། དྲག་པོ་མཐིང་ཁའི་བསྐྱེད་རྫོགས་ཐུན་གཉིས་