R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༠༠
[A:༣༠༠]ཉིད་ཀྱི་གསང་བའི་ལས་མགོན་ཤུ་ཏྲ་ནག་པོའམ་སངས་རྒྱས་ཀྱི་གཅུང་པོར་གྲགས་པ། དཔལ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ཐུགས་ཀྱི་སྤྲུལ་པ་དབང་གི་སྐྱེས་བུ་བཤན་པ་ཉེར་གཅིག་གི་གཙོ་འཁོར་གསུམ་གྱི་སྐུ་བརྙན། སྤྱིར་འཛམ་གླིང་བོད་ཡུལ་གྱི་གནས་བདག །ཨྱོན་བླ་མའི་བཤའ་སྒྲུབ། སྒོས་རྗེ་བཙུན་ཚར་པ་རྗེའི་དམ་ཆོས་ཕྱི་ནང་གི་ལྟོས་པ་ཐམས་ཅད་བང་མཛོད་ཀྱི་གཉེར་ཁའོ། །ངེད་རང་ལ་གནས་འདི་ཉིད་རྩིས་སྤྲོད་དང་ཡུལ་བྱེས་ཀུན་ཏུ་ཆོས་དང་ཐུན་མོང་གི་དཔལ་འབྱོར་རྒྱས་པར་སྤེལ་བའི་འཕྲིན་ལས་མཛད་པ་པོ་གནས་ཀྱི་དཀོར་སྲུང་དམ་ཅན་མགར་བ་ནག་པོ་ཉིད་དང༌། འཛམ་གླིང་ཁ་བ་ཅན་གྱི་ཡུལ་བདག་བསྟན་སྲུང་བསྟན་མ་བཅུ་གཉིས་ཀྱི་བདུད་མོ་བཞིའི་ཐ་ཆུང་ཁྱུང་ལུང་རེ་མ་ཏི་དང་བཅས་པའི་སྲུང་མ་རྣམས་ཀྱི་སྐུ་བརྙན་དང༌། དེའི་སྟེང་དུ་ཕ་རྒྱུད་ཀུན་གྱི་ཡང་སྙིང་རྡོ་རྗེ་འཇིགས་བྱེད་རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་བརྒྱུད་པ་རིན་པོ་ཆེ་ཡོངས་རྫོགས་དང༌། གདན་ས་ཆེན་པོ་འདི་ཉིད་ཀྱི་མཁན་རབས་ཀྱི་སྐུ་བརྙན་དང་བཅས་པ་བཞུགས་ཡོད་ཅིང༌། དེ་རྣམས་ཀྱི་སྟེང་དུ་གོས་དར་ཞེ་གཅིག་པའི་བླ་བྲེ་ན་བཟའ་སྙན་དར་དབུ་སྙེལ་བཞུགས་གདན་དང༌། སྟེང་དུ་སྙན་བརྒྱུད་ཞལ་ཤེས་ལས་འོངས་པའི་ཐུན་མོང་མ་ཡིན་པའི་རུ་མཚོན་རྩེ་ལྔ་པ་དང་བཅས་པ་ཚུན་ལེགས་པར་བསྒྲུབས་སོ། །དེ་ཡང་རྟེན་གཙོའི་སྐུ་བརྙན་འདི་བཞུགས་ཚུལ་ཆོས་ཀྱི་དབྱིངས་ལ་འགྱུར་བ་མེད་པའི་ཕྱིར་ཆོས་སྐྱོང་འདི་ཉིད་བྲིས་འབུར་གང་བཞེངས་ཀྱང་གཡོན་དུ་འགྱིང་བ་དང་བཅས་པ་ཡོད་བཞིན་འདུག་པ་ལྟར་བཞེངས་པས། སངས་རྒྱས་ཀྱི་ཕྱག་ནས་དངོས་བཞུགས་