[A:༣༠༡]བོད་དུ་བསེ་འབག་ཏུ་བྱས་པའི་སྐུ་འབག་ཉིད་གཡས་འགྱིང་དུ་ཡོད་པ། ཞལ་གནམ་ས་ལྟ་བུ་གདངས་པ་ཡོད་པ་ལྟར་དུ་རང་གྲུབ་ཏུ་བྱུང་བ་ནི་བཟོ་བོའི་རིག་བྱེད་སོགས་དེར་གནས་པ་ཀུན་གྱིས་མཐོང་བ་དེ་ཡིན། ད་ལྟའི་བར་དུ་ཡང་ཅུང་ཟད་གཡས་ལ་འགྱིང་བ་དང་བཅས་པ་ཡོད་དོ། །དེ་ལ་ཡང་རབ་གནས་རྒྱས་པར་སྒྲུབ་པའི་སྟོན་མོ་སྡེ་པ་ཆེ་ས་ནས་དགྲ་འདུལ་དྲུང་གིས་བཀའ་དྲིན་བསྐྱངས། རིམ་པས་མཚོན་རྫོགས་ཀྱི་མཐར་སྐུ་གསུམ་གྱི་སྤྱན་འབྱེད་པར་བརྩམས་ཟླ་བ་དགུ་པའི་ཚེས་ལྔ་ལ་རྒྱལ་ཕུར་གྱི་འཕྲོད་དང་བསྟུན། ཚོགས་ཀྱི་སྟོན་མོ་བཟང་པོ་དང་བཅས་མཚོན་གྱིས་དབྱེ་བར་བརྩམས་པ་ན། རྣམ་སྣང་མཚོའི་ཐུགས་ཀའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྤྱན་དེ་ཉིད་དངོས་སུ་སེམས་ཅན་གྱི་དོན་དུ་སྐུ་བརྙན་འདི་ཉིད་ཀྱི་སྤྱན་གསུམ་ལ་བཀྲ་ལམ་ཤར་བ་ནས་མཚན་མ་རྫས་ཀྱི་མཚོན་དང་ལྷ་བཟོ་བ་ལ་ལྟོས་པ་མེད་པར་ཀུན་གྱི་མིག་སྔར་འབྱོར་བ་དང་བཅས་པ་ཡོད་ཅིང༌། དེ་ལྟ་བུའི་སྐུ་བརྙན་སྤྱན་འདྲེན་པར་བརྩམས་ངེད་རང་གི་ཡི་དམ་ལྷའི་བསྐྱེད་རིམ་བརྟན་པོ་སྤོས་ཀྱི་དྲི་བཟང་ཕྱོགས་ཀུན་ཁྱབ་པ་དང་བཅས་གཡབས་པ་ན། གཉུག་མར་གནས་པའི་སྐོར་སྲུང་རྣམས་དང་རྒྱལ་ཆེན་བཞི། ཕྱོགས་སྐྱོང་བཅུ་སོགས་ཀྱི་རྣམ་འཕྲུལ་འོད་གཟུགས་ཀྱི་རྣམ་པས་སྤྱན་འདྲེན་པའི་གསལ་སྣང་ཆེན་པོ་བྱུང༌། དེ་ལྟར་རྟེན་གྱི་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་ནས་གོང་དུ་བརྗོད་པ་ལྟར་གཟུངས་བཞུགས་ཀྱི་སྟེང་དུ་སྐུ་བརྙན་རེ་རེ་ལ་སངས་རྒྱས་ཀྱི་འཕེལ་གདུང་རེ་རེ་དང༌། གསེར་ཟངས་ལས་གྲུབ་པའི་གནོད་སྦྱིན་འཁོར་ལོ་ཚུལ་བཞིན་བསྒྲུབས་པ་རེ་རེ་དང་བཅས་པ་