R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༠༢
[A:༣༠༢]བཞུགས་ཡོད་ལ། མཐར་རབ་ཏུ་གནས་པར་སླེབ་པ་ན། གོང་ནས་མི་དབང་རྣམས་ནོར་བུའི་འཕྲེང་བ་ལ་སོགས་པས་བརྒྱན་པ་དང༌། ཟབ་བེར་ལ་སོགས་པའི་རྒྱལ་པོའི་ཆས་ཐམས་ཅད་ཀྱིས་བརྒྱན་ནས་བདག་ཉིད་བསུ་བ་དང་བཅས་ཇི་ལྟར་རབ་ཏུ་གནས་བྱའི་ཁང་པར་སླེབ། འོག་ཏུ་རབ་གནས་ཁྱད་པར་བ་ཀུན་དང་ཐུན་མོང་མ་ཡིན་པ་ཞག་བདུན་དུ་བྱས་པའི་ཡེ་ཤེས་བསྟིམ་པ། རྗེ་ངག་གི་དབང་ཕྱུག་གིས་མཛད་པ་དང༌། རྒྱུད་དང་རྒྱ་གཞུང་ནས་གསུངས་པ་ལྟར་ལ་ཞལ་ཤེས་ཀྱིས་བརྒྱན་ནས་ཞག་གསུམ་དུ་བྱས་པའི་མངའ་གསོལ་རྒྱས་པར་སྟག་ལོ་ཟླ་བ་དྲུག་པའི་སངས་རྒྱས་ཀྱི་དུས་ཚེས་བཅོ་ལྔ་ལ་གྲུབ་པ་དང༌། འདི་ཉིད་ཀྱི་འགྲམ་འདིང་བ་ནས་རབ་གནས་ཀྱི་མངའ་གསོལ་ཚུན་ལ་ཟླ་བ་བཞི་དང་ཞག་ཉི་ཤུའི་ཁོངས་སུ་གེགས་མེད་དུ་ཡོངས་སུ་རྫོགས་པར་མཐར་ཕྱིན་ཏེ། བཀྲ་ཤིས་དང་དགེ་ལེགས་ཀྱི་རོལ་པས་དུས་ཀུན་འཚོ་བ་འདི་ལགས། གཞན་ཡང་ལྷ་ཁང་འདིར་སངས་རྒྱས་བྱང་སེམས་ཀྱི་ལི་མ་དང༌། ཟངས་སྐུ་ཇི་སྙེད་དང༌། ལག་ན་ཅི་ཡོད་ཀྱི་མཆོད་རྫས་ཐམས་ཅད་དང༌། གོང་ནས་མིའི་དབང་ཕྱུག་རྣམས་ཀྱི་འབྱོར་པའི་དངོས་ཀུན་མ་ལུས་པ་ཞུམ་པ་མེད་པར་ལན་ཅིག་མིན་པར་འབུལ་བ་དང་བཅས་ལྷན་ཅིག་ཏུ་མཆོད་སྤྲིན་རྒྱ་མཚོ་ལྟ་བུར་དམིགས་ནས་ཕུལ་བ་དང༌། འབངས་ཐམས་ཅད་ཀྱི་ཕྱོགས་ཕྱོགས་ནས་ཇི་ལྟར་ནུས་པས་བཀུར་བས་ནམ་མཁའ་མཛོད་ལ་འགྲན་བདོ་བ་ཙམ་བྱུང༌། རང་ཉིད་ཀྱི་ཚེ་འདིའི་ཕུན་ཚོགས་ཐམས་ཅད་ཀྱང་ཞིང་མཆོག་དམ་པ་དགེ་འདུན་གྱི་སྡེ་དང༌། བཟོ་བའི་རིག་པ་འཆང་བ་ཉེར་གཉིས་དང་བཅས་པ་ལ་རྣམ་ཐོས་ཀྱི་བུའི་འབྱོར་པ་ལྟར་འཕོངས་པ་མེད་པ་ལྟར་ལན་གཉིས་