[A:༣༠༣]སུ་ཕུལ་བ་དང༌། རབ་སྟོན་གྱི་དཔལ་འབྱོར་ནི་ལྷ་འདྲེ་མི་གསུམ་མཐོང་བས་ཚིམ་པ་དང་བདུད་རྩིའི་རྒྱུན་ནི་གངྒཱའི་རླབས་ལྟར་ཆལ་ཆིལ་དུ་ལོངས་སྤྱོད་ཅིང༌། སོ་སོ་ནས་གླུ་དབྱངས་གར་སོགས་ཀྱི་རྫོགས་ལྡན་ལྟར་བྱས་པ་བྱུང༌། སྲུང་མའི་དབང་པོ་དེ་དག་གི་དྲུང་གི་དམ་རྫས་མཆོད་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་ལྡན་པ་རི་བོ་ལ་འགྲན་པ་ཙམ་བཙུགས་ནས་དུས་དང་རྒྱུན་གྱི་མཆོད་པ་ཇི་སྲིད་གནས་ཀྱི་བར་དུ་ཡོད་པ་དང༌། དེ་ལྟར་སྐུ་གསུང་ཐུགས་ཕྱི་ནང་གསང་བ་སྟེ་དྲུག་ལྡན་རྟེན་གཞན་ཡང་མི་ལྤགས་ཀྱི་གཡང་གཞི་དང༌། གོས་ནག་གི་འཕན་དང༌། སྟེང་དུ་གསང་བའི་རྔ་ཐུག་སོགས་དཔག་མེད་ཅིག་བཞུགས་ཡོད་དོ། །རྡོ་རྗེ་འཇིགས་བྱེད་ལ་མེད་དུ་མི་རུང་བའི་སྙན་བརྒྱུད་ཞལ་ཤེས་ཀྱིས་བརྒྱན་ནས་དབང་ཆོག །གཏོར་བཟློག །སྦྱིན་སྲེག་དང་བཅས་པ། སྒྲོལ་དཀར་གྱི་རྒྱུན་གྱི་ཉམས་ལེན། བསྔོ་བའི་ཡི་གེ་ཆུང་ངུ༌། གསར་རྙིང་གི་བླ་མ་བརྒྱུད་རིམ་ཁ་ཡར་གྱི་མཚན་སྔགས། དེ་མཚུངས་ཡིད་དམ་ཆོས་སྐྱོང་ཁ་ཡར་གྱི་གཟུགས་སྔགས་རྣམས་ཀྱི་པར་དང༌། གཞན་ཡང་ཆུ་ཆེན་པོར་ཟམ་པ་དང༌། ལམ་འདུས་ཆེ་སར་མགྲོན་ཁང་དང༌། འཇིགས་པའི་གངས་སྲག་ཏུ་འཇིགས་སྐྱོབ་དང༌། ཕུ་ཆུས་ཅུང་ཟད་འཕོང་སའི་ལུང་པར་རྫིང་བུ་འབྲུ་བ་དང༌། ལམ་འཕྲེང་གི་གཡང་ས་འཆོས་པ་སོགས་མདོར་ན་སེམས་ཅན་གྱི་བདེ་སྐྱིད་མི་ཉམས་ཤིང་གོང་འཕེལ་གྱི་ཐབས་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པར་བྱས་ཀྱང༌། དུས་ཀྱིས་མཁྱོགས་བས་ལན་པ་ཡིན་ནམ་ཏིག་ཏིག་མི་གདའ། གང་ལྟར་ལུས་སྲོག་འབྱོར་པ་ཐམས་ཅད་ད་དུང་རྒྱལ་བའི་བསྟན་པ་དང་