[A:༣༠༤]འགྲོ་བའི་དོན་དུ་འཕོངས་པ་མེད་པར་བྱེད་པ་འདི་ཡིན་ཞིང༌། རང་ཉིད་ཞི་བ་དོན་གཉེར་གྱི་བློ་ནི་ནམ་མཁའི་པདྨོ་ལྟར་མཚུངས་སོ། །དྲུག་པ་མགོན་མེད་སྲིད་མཚོར་འཁྱམས་པའི་ཉམ་ཐག་གི་འགྲོ་བ་མཐའ་ཡས་པའི་དོན་རྩེ་གཅིག་ཏུ་བྱས་ཚུལ་ལ། འགྲོ་དྲུག་གཙོ་བོ་མི་ལུས་དང༌། སྐམ་རློན་གྱི་རྟེན་ལ་གནས་པའི་སེམས་ཅན་གྱི་དོན་བྱས་ཚུལ་སོགས་ལས། བོ་དོང་དང་ལྷ་ས་རྫོང་དུ་སྙིང་རྗེའི་གནས་སུ་གྱུར་པའི་སྡེ་ཕན་ཚུན་འཁོན་བཞི་ཐམས་ཅད་ཞི་བའི་ཚུལ་གྱིས་འཇམ་ལ་བླངས་ཏེ་བྱམས་པ་ལ་གནས་པར་བྱས། སོ་སོ་ནས་བློའི་རེ་བ་ཕུལ་དུ་ཕྱིན་པ་བྱས་བཏང་སྙོམས་ཀྱི་ཡུལ་དུ་གྱུར་པས་འཁྲུག་གཞི་བྲལ་རང་དགར་སྤྱོད་པའི་བདེ་བ་ལ་བཀོད་པ་དང༌། གཟུགས་ཅན་མི་རྣམས་ཀྱི་འདིར་སྣང་ཕུན་ཚོགས་ཀྱི་བདེ་བ་ལ་འཚེ་བར་རྩོམ་པའི་གཟུགས་མེད་བགེགས་ཀྱི་གནོད་པ་ལས་བསྐྱབས་པའི་འགྲོ་བ་ཕོ་མོ་དྲག་ཞན་བར་པ་ཁྲི་དང་ཉིས་སྟོང་ཙམ། ཚེ་མཐར་མི་གཏོང་བའི་བར་ཆད་འཆི་བདག་གྲོང་ཁ་ནས་ཕྱུངས་ཏེ་བདེ་བར་མཐར་ཕྱིན་པ་དང༌། གཞན་ཡང་འགྲོ་བ་ཕོ་མོ་ཀླུའི་ནད་ཀྱིས་བཏབ་པ་མང་པོ་ལ་ཕྱག་རྡོར་མེ་དབང་དང་བཅས་པ། ནཱ་ག་རཀྵ། སེང་གེ་སྒྲ་སོགས་ཀྱི་གཉེན་པོའི་རྗེས་གནང༌། ཀླུ་ཉིད་ནད་ལས་གསོས་པའི་ཐབས་གདོན་གྲོལ་གྱི་ཆོ་ག་རྒྱས་པར་སྒྲུབ་པ་སོགས་ཀྱི་མི་དང་ཀླུ་ཉིད་བདེ་བའི་གོ་སྐབས་ཐོབ་པ་དང༌། ཚེ་འདིའི་འདུ་བྱེད་རྫོགས་ཏེ་ནམ་ཞིག་དུས་མཐར་གཏུགས་པའི་འགྲོ་བ་ཕོ་མོ་གྲངས་མེད་པ་ལ་ཚེ་དབང་རེ་བྱས་པས་དེ་རིང་ཙམ་མི་གནས་པ་ཡང་ལོ་ཟླ་ཞག་སྦྲེལ་ནས་ཚེ་བསྲིངས་ཏེ་ཐུབ་པ་དང༌། ཆོས་བྱེད་ཀྱི་འགྲོ་བ་ཕོ་མོ་མཐའ་ཡས་པ་རྣམས་ལ་ལམ་དུ་མི་འགྲོ་བའི་བར་ཆད་